ནིའུ་ཡོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ།

བོད་རང་བཙན་སླར་གསོ་གླེང་བ་ནི། བླ་ན་མེད་པའི་བདག་དབང་སྟེ། ལོ་རྒྱུས་དང་ཐོབ་ཐང་གླེང་བ་ཁོ་ན་མིན་པར། འདས་ཟིན་པའི་དཔའ་བོ་དཔའ་མོ་ཁྲི་འབུམ་དུ་མའི་བློས་གཏོང་གི་རིན་ཐང་དང་། ལྷག་པར་མ་འོངས་བོད་གསོན་པོར་གནས་པའི་ཁག་ཐེག་གི་མདུན་ལམ་གླེང་བ་ཡིན།

རྩོད་གླེང་འདི་ཉིད་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་འགོ་བཙུགས་པ་ཡིན་པས། བོད་རང་བཙན་སླར་གསོ་གླེང་བ་ནི། བོད་དང་རྒྱ་ནག་བར་གྱི་འཐབ་རྩོད་གླེང་བའི་གནད་དོན་ཞིག་ཡིན་པ་ལོ་རྒྱུས་དང་འཚོ་བ་དངོས་ཀྱིས་བདེན་དཔང་བྱེད་ཀྱི་ཡོད་པས། བོད་ཀྱི་བདེ་སྡུག་དང་ལོ་རྒྱུས་ལ་བརྩི་འཇོག་གནང་མཁན་ཡིན་ཚེ། བོད་རང་བཙན་གྱི་བསམ་སྤྱོད་ཁག་ལ་ཉེས་མེད་ཉེས་འཛུགས་དང་། དགོས་མེད་དབྱེ་འབྱེད་བྱེད་པ་ནི། དོན་དངོས་དགྲ་བོ་རྒྱ་ཡི་ངོ་སྲུང་དང་དགོས་མཁོ་རུ་འགྱུར་བ་ནི། ལོ་རྒྱུས་དང་འཐབ་རྩོད་ཀྱིས་གསལ་འགྲེལ་བྱེད་ཀྱི་ཡོད།

ང་ཚོས་བླ་ན་མེད་པའི་དད་བཀུར་ཞུ་ཡུལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པའི་དད་འདུན་ནི། དཀར་པོ་འོ་མའི་རང་མདངས་ཡིན་ལ། དེ་བཞིན་བོད་རང་བཙན་སླར་གསོའི་བསམ་སྤྱོད་ལ་ནམ་ཡང་ཞུམ་པ་མེད་པ་ཡང་འགྱུར་མེད་རྡོ་རྗེའི་བྲག་རི་བཞིན། བརྟན་པོར་གནས་ངེས་པའི་ཆོད་སེམས་དེ་རིང་བསྐྱར་ནན་གྱིས་བསྒྲགས་ཀྱི་ཡོད།

ཆིག་སྒྲིལ་ནི་འཐབ་རྩོད་ཀྱི་སྲོག་ཤིང་ཡིན་པ་དང་། དམངས་གཙོ་ནི། ད་བར་ང་ཚོ་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་དགའ་སྤོབས་དང་ངོམ་སོ་ཆེ་ཤོས་བྱ་གཞི་དེ་ཡིན་ཞིང་། དོན་དམ་པར་ཆིག་སྒྲིལ་དང་དམངས་གཙོ་ལ་གཅེས་ན་བོད་མི་ནང་ཁུལ་དབྱེ་འབྱེད་ཤོག་སྒྲིལ་དང་། འགོག་བསྡོམས་གུ་དོགས་མིན་པར། དོན་དམ་པའི་ཆིག་སྒྲིལ་ཡིད་ཆེས་ཀྱིས་བོད་མི་ཕན་ཚུན་ལས་དབང་གཅིག་པ་དང་། ལོ་རྒྱུས་གཅིག་པའི་གནས་བབས་སུ་ཡོད་པའི་ངོས་འཛིན་ཐོག་ནས་སྡང་ས་དགྲ་བོ་རྒྱ་བོ་རྒྱ་དམར་གཞུང་དང་། གཅེས་ས་གངས་ཅན་བོད་ཡིན་པའི་ངོས་འཛིན་མ་ནོར་བ་བྱ་དགོས།

ང་ཚོས་ལངས་ཕྱོགས་ཅི་ཞིག་དང་འཐབ་ཇུས་གང་ཞིག་ཡིན་མིན་ལ་མ་ལྟོས་པར། རྒྱ་ནག་དམར་གཞུང་ནི་མགོ་ནག་བོད་མི་ཡོངས་དང་བོད་རྒྱལ་ཁབ་ཀྱི་དགྲ་བོ་ཡིན་པ་གསུབ་ཏུ་མེད་པའི་དོན་དངོས་ཡིན།

ང་ཚོས་བློ་བརྟན་འགྱུར་མེད་དང་། ངོས་འཛིན་གསལ་པོའི་ཐོག་ནས་བརྗོད་རྒྱུར། ཉེས་ཁག་དང་དབྱེན་དཀྲུག་ཅི་ཞིག་བྱུང་ཡང་། འཐབ་རྩོད་བྱེད་པའི་བསམ་སྤྱོད་འདོར་མི་སྲིད་ཅིང་། མདོར་ན་ང་ཚོས་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་ནང་ཁུལ་དགོས་མེད་རྩོད་གླེང་མིན་པར། མུ་མཐུད་དགྲ་བོ་རྒྱ་དམར་གཞུང་ལ་ཤ་འཁོན་དང་བདག་དབང་རྩོད་ངེས་ཡིན།

ཕྱི་ལོ་༡༩༤༩ ལོར་བོད་རྒྱལ་ཁབ་ལ་བཙན་འཛུལ་འགོ་བཙུགས་པ་ནས་ད་བར་མེ་མདའ་མེ་སྒྱོགས་དང་། མེར་སྲེག བཀྲེས་ལྟོགས། འཛིན་བཟུང་བཅར་རྡུང་སོགས་བསམ་མི་ནུས་པའི་བཙན་གནོན་གནར་གཅོད་འོག་ནས་བོད་མི་འབུམ་ཕྲག་དུ་མའི་གཅེས་སྲོག་ཤོར་ཏེ། བོད་ཞི་བདེའི་རྒྱལ་ཁབ་དེ་མི་ཁྲག་རྒྱུག་ཆུར་འདྲེས་ཤིང་། མི་རོས་ལུང་གཤོང་ཁེངས་པའི་གཡུལ་ས་དང་། ངུ་འབོད་ཀྱི་མྱ་ངམ་ཐང་ཆེན་ཞིག་ཏུ་བསྒྱུར་ཡོད།

ད་དུང་ཕྱི་ལོ་༡༩༥༩ ལོར་མེ་མཚོན་གྱི་སོ་ཁ་ནས་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ། གཞུང་དམངས་བར་དང་། བླ་སློབ་བར། ཕ་མ་བུ་ཕྲུག བཟའ་ཚང་དང་དགའ་ཉེ་སྤུན་གྲོགས་བར་ཁ་བྲལ་ཡ་འཐོར་དུ་སོང་བའི་མི་ལོ་ང་དྲུག་དྲན་གདུང་གི་མིག་ཆུས་འཚོ་བཞིན་ཡོད།

ད་དུང་དྭངས་གཙང་བོད་ཀྱི་རི་ཆུ་དང་ཁ་བྲལ་དུ་སོང་བའི་སྤུན་ཟླ་མང་པོ་གཞན་ཡུལ་ས་མཐའ་རུ་རང་གི་རྒྱལ་ཁབ་བོད་དྲན་བཞིན་རྒས་པ་མ་ཟད། གཞན་ཡུལ་ས་མཐའ་རུ་དུར་ས་བཏབ་དགོས་བྱུང་ཡོད། དེ་བས་ཀྱང་གཞིས་ལུས་སྤུན་ཟླ་རྣམས་གཉའ་གནོན་དང་བཤུ་བཞོག དབྱེ་འབྱེད་དང་འཇིགས་སྐུལ། དམ་དྲག་དང་འཛིན་བཟུང་སོགས། བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་ཡོངས་སུ་རྩ་བརླགས་དང་རྒྱ་ནག་ཅན་དུ་བསྒྱུར་བའི་དཀའ་སྡུག་དང་ཉེན་ཁ་སྣ་རྒུའི་འོག གཞིས་ལུས་སྤུན་ཟླ་ཚོས་དགྲ་བོ་ལ་མགོ་སྒུར་དང་ལེན་མ་བྱས་པར། འཐབ་རྩོད་རྒྱུན་འཆང་གནང་དང་གནང་བཞིན་པ་ནི། ངོ་མཚར་དང་གཟི་བརྗིད་ཀྱི་ལོ་རྒྱུས་ཤིག་ཡིན་པ་མ་ཟད། ང་ཚོའི་རེ་བ་དང་མདུན་ལམ་ཡིན།

ས་མཐའ་རུ་དཀའ་ཁག་ཇི་ལྟར་ཆེ་ཡང་གཞིས་ལུས་སྤུན་ཟླའི་བློས་གཏོང་དང་དཀའ་ཉེན་བསམ་སྐབས་སྙིང་སྟོབས་ཆེར་བསྐྱེད་དགོས་པ་ལས། ཟུར་སྡོད་ལྷོད་ཉལ་དང་། རང་ཉིད་ཀྱི་རྣ་བ་འཇམ་ཐབས་ཙམ་ལ་འབད་ན་ལས་འབྲས་དང་། ལ་རྒྱ་གང་ལ་ཡང་འགན་མ་འཁུར་བར་འགྲོ་བའི་ངོས་འཛིན་ཐོག་ནས་དེ་རིང་གི་ཚོགས་འདུ་འདི་བསྐོངས་པ་ཡིན། རྒྱལ་གཅེས་དཔའ་བོ་སྲིད་བློན་ཀླུ་ཁང་པ་ཚེ་དབང་རབ་བརྟན་མཆོག་སྐུ་གྲོངས་ནས་འདི་ལོར་ལོ ༥༠ འཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ། ད་བར་བོད་རང་བཙན་གྱི་ཆེད་དུ་བློས་གཏོང་གནང་མཁན་ཤི་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དང་། བོད་རང་བཙན་གྱི་འཐབ་རྩོད་ལ་འཕྲད་བཞིན་པའི་ཕྱི་ནང་གི་གནོན་ཤུགས་ཁག་ལ་གདོང་ལེན་བྱས་ཏེ། མུ་མཐུད་གཞོན་སྐྱེས་ཚོའི་རྒྱལ་ཞེན་བློ་སྤོབས་དང་། རང་བཙན་འཐབ་རྩོད་གསོན་གནས་ཡོང་ཆེད།

ལྷག་པར་མ་འོངས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་དང་། ཐབས་ཇུས་རང་བཞིན་གྱི་འཆར་གཞི་བསྡུ་རུབ་བཅས་ལ་དམིགས་ཏེ། ཕྱི་ཟླ་༧ ཚེས་༤ ཨ་རིའི་རང་བཙན་ཉིན་མོ་དང་བསྟུན། ཕྱི་ལོ་༢༠༡༦ ཟླ་ ༧ ཚེས་༡ ནས་ ༣ བཅས་ཉིན་གསུམ་རིང་ཨ་རིའི་གྲོང་འཁྱེར་ནིའུ་ཡོག་ཏུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདི་ཉིད། རང་བཙན་དོན་གཉེར་བ་ན་གཞོན་སྒེར་པ་ཁག་ཅིག་གིས་བསྡུ་སྐོང་ཞུས་པར། རྒྱ་གར་དང་། ཡོ་རོབ། ཁེ་ན་ཌ་བཅས་ནས་རང་བཙན་དོན་གཉེར་ཅན་རྣམས་ལྷན་འཛོམས་ཀྱིས་བསམ་འཆར་འབུལ་གཏོང་དང་། རྒྱ་གར་དང་། ཨོ་སི་ཊོ་ལི་ཡ། ཕ་རན་སི། དེ་བཞིན་མི་ནེ་སོ་ཊ། ཕི་ལ་ཌ་ཕི་ཡ། ཁོ་ལོ་རི་ཌོ། ཨིན་ཌེ་ཡ་ན། ཊེ་ནེ་སི། ནིའུ་ཡོག་བཅས་རྒྱལ་ཁབ་འདྲ་མིན་དང་ཨ་རིའི་མངའ་སྡེ་ཁག་འདྲ་མིན་བཅས་ནས་ཉིན་གསུམ་རིང་ཁྱོན་ཚོགས་བཅར་བ་ ༡༢༤། ཙམ་འདུ་འཛོམས་ཀྱིས་གཏན་ལ་ཕབ་པའི་གྲོས་གཞི་ཁག་གི་ཐོག་ཉིན་གསུམ་རིང་གོ་སྡུར་ཐག་གཅོད་བྱུང་བ་ཁག་ཅིག་གཤམ་གསལ།

༡། བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་གསུམ་མཉམ་འབྲེལ་གནའ་མཐུན་གྱིས་སོ་སོའི་བདག་དབང་སླར་གསོ་བྱ་ཆེད། འབྲེལ་མཐུད་པ་བསྐོ་བཞག་དགོས་མིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདིའི་ཐོག་བྱུང་བའི་བསམ་ཚུལ་རྣམས་ལོ་རྗེས་མར་ཡོ་རོབ་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་འབུལ་ཅིང་། དེ་འབྲེལ་གོམ་པ་མདུན་སྐྱོད་བྱ་རྒྱུ།

༢། བོད་རིགས་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་དང་། རྒྱལ་རབས་སོགས། སློབ་འཁྲིད་ཀྱིས་རྒྱལ་ཞེན་རིང་ལུགས་ཀྱི་བསམ་སྤྱོད་གོང་སྤེལ་དང་། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་དང་། དཔོན་རིགས། མི་མང་བཅས་ལ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བྲིས་པའི་བོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ་འགྲེམས་སྤེལ་གང་མང་ཞུ་རྒྱུ།

༣། རང་བཙན་འཐབ་རྩོད་པ་རྣམས་ཕན་ཚུན་འབྲེལ་ལམ་རྒྱ་སྐྱེད་དང་། བདེན་རྒྱབ་བདེན་ལངས་ཀྱིས་གནོན་ཤུགས་ཅི་བྱུང་ལ་མཉམ་དུ་གདོང་ལེན་གྱིས་སྤྱི་ཚོགས་ཁྲོད། དོན་དངོས་གསལ་བཀྲོལ་ངང་བོད་རང་བཙན་སླར་གསོའི་ཆེད། སྔར་ལྷག་གདེངས་སྤོབས་ཆེན་པོས་གོམ་པ་མདུན་སྐྱོད་བྱ་རྒྱུ།

༤། སྲིད་དོན་ཚོགས་པའི་ལམ་ལུགས་མེད་ན་ཆོལ་ཁ་རང་བཞིན་གྱི་དཀའ་རྙོག་ཡོང་བ་དང་། དེ་ཡང་ཉུང་མཐར་གཞུང་འཛིན་དང་། ཕྱོགས་འགལ་ཚོགས་པ་གཉིས་ཅན་གྱི་ལམ་ལུགས་ཤིག་མེད་ན་འོས་བསྡུའི་གོ་སྐབས་འདྲ་མཉམ་དང་། གཞུང་འཛིན་ནུས་པ་ཅན་ཡོང་བ་ཧ་ཅང་ཁག་པོ་ཡིན་པ་ད་ལོའི་འོས་བསྡུའི་ལས་རིམ་ནང་གསལ་པོ་བྱུང་ཡོད་པས། མ་འོངས་ངེས་པར་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་ངོས་འཛིན་གནང་དགོས་པ་དེ་རིང་ཚོགས་ཆེན་འདིའི་ཐོག་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ལ་ཞུ་སྙན་ཞིག་འབུལ་རྒྱུ།

༥། མ་འོངས་རྒྱ་ནག་ལ་འགྱུར་བ་བྱུང་སྐབས། གོ་སྐབས་དམ་འཛིན་ཐུབ་པའི་ལས་འཆར་ཁག་བང་བསྒྲིགས་རྒྱུ་དང་། རྒྱ་ནག་གི་ཕྱི་འབྲེལ་དང་། ཁོར་ཡུག དམག་དོན་སོགས་ཀྱི་སྲིད་ཇུས་ཁག་ལ་དུས་ཐོག་ཉམས་ཞིབ་ཀྱིས་དེ་དག་ལ་དོ་ཕོགས་དང་ཤུགས་རྐྱེན་ཐེབས་པ་བཟོ་རྒྱུའི་ལས་འགུལ་བརྩམ་དགོས།

༦། དམངས་གཙོ་དང་བོད་རང་བཙན་གྱི་ལས་དོན་ཁྱབ་སྤེལ་ཆེད། གསར་འགྱུར་བརྒྱུད་ལམ་ཞིག་གསར་འཛུགས་ཡོང་ཐབས་བྱ་རྒྱུ་བཅས་ཐག་གཅོད་གཏན་འབེབས་བྱུང་ཡོད།

བོད་རང་བཙན་ནི། བཙན་པོའི་སྙིང་སྟོབས་ཀྱིས་བསྐྲུན་པ་དང་། མེས་པོའི་རུས་རྐང་ན་འཁྱིལ་ཅིང་། རྣམ་ཤེས་ཁྲི་འབུམ་ཀྱི་འབོད་པ་ཡིན།

ངེད་གསོན་པོ་ཚོའི་ལས་འགན་དང་རེ་འདོད། ཁྱེད་ཤི་བོ་ཚོའི་ཁ་ཆེམས་དང་འཕྲིན་ལས། བོད་རང་བཙན་སླར་གསོ་ཡིན་པ་སེམས་ལ་ངེས་པས། དེ་རིང་ཚོགས་ཆེན་འདི་བསྐོངས་པ་ལགས་ཤིང་། ནིའུ་ཡོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདི་ནི། རེ་བ་ཞིག་གི་སེམས་པ་དམར་པོ་དང་། སྙིང་སྟོབས་ཤིག་གི་འབོད་སྒྲ་གསལ་པོ། ལས་འགན་ཞིག་གི་ཆོད་སེམས་འགྱུར་མེད་ཡིན།

སླར་ཡང་འདི་ནས་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྣམ་ཤེས་ལ་མཆོད་ཅིང་བསྟོད།

བོད་རྒྱལ་ལོ་༢༡༤༣། ཕྱི་ལོ་༢༠༡༦ ཟླ་༧ ཚེས་༣ ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་སྤེལ།། །།

དང་བླངས་དང་རྒྱབ་སྐྱོར་གནང་མཁན་ཚོགས་ཆུང།

༡ མགོན་པོ་ལགས། ༢ བློ་དགའ་ལགས། ༣ བསམ་དགའ་ལགས།

༤ བློ་བཟང་ལགས། ༥ འབྲུག་གྲགས་ཉི་མ་ལགས།

༦ བསོད་ནམས་བཟང་པོ་ལགས། ༧ ཀུན་བཟང་དཔལ་མོ་ལགས།

༨ སྒྲོལ་དཀར་ལྷ་མོ་ལགས།  ༩ ལས་དབང་མཁའ་འགྲོ་ལགས།

༡༠ ཟླ་བ་དབྱངས་འཛོམས་ལགས།

གོ་སྒྲིག་པ།

བསྟན་འཛིན་དབང་འདུས་ལགས། སངས་རྒྱས་ཊྲ་ཐི་ལགས།

གོ་སྒྲིག་ལས་རོགས།

བཀྲ་ཤིས་མཚོ་མོ་ལགས། བསྟན་འཛིན་འོད་ལྡན་ལགས།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁུ་ཨེན་སི་ཇཱཀ་སོན་ཧཡི་ནཱན་དྷོ་སི་ཚོགས་ཁང་།

Ιντερνατιοναλ Ρανγζεν χονφερενχε οφ Νεω Ψορκ τιμε ανδ λοχατιον

ཁ་བྱང། address

NANDOS HALL

72-11 Roosevelt Ave, Jackson heights, Ny 11373

ཚོགས་འདུའི་དགོས་དམིགས།

༡༽ ད་བར་བོད་རང་བཙན་གྱི་ཆེད་དུ་བློས་གཏོང་གནང་མཁན་ཤི་གསོན་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ།

༢༽ བོད་རང་བཙན་གྱི་འཐབ་རྩོད་ལ་འཕྲད་བཞིན་པའི་ཕྱི་ནང་གི་གནོན་ཤུགས་ཁག་ལ་གདོང་ལེན་བྱེད་དེ། མུ་མཐུད་གཞོན་སྐྱེས་ཚོའི་རྒྱལ་ཞེན་བློ་སྤོབས་དང་། རང་བཙན་འཐབ་རྩོད་གསོན་གནས་ཡོང་ཆེད།

༣༽ མ་འོངས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་དང་། ཐབས་ཇུས་རང་བཞིན་གྱི་འཆར་གཞི་བསྡུ་རུབ་བཅས་ལ་གཙོ་བོ་དམིགས་ཡོད།

ཚོགས་འདུ་ཉིན་གསུམ་གྱི་བརྗོད་གཞི།

བརྗོད་གཞི་དང་པོ།

བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་གསུམ་མཉམ་འབྲེལ་གནའ་མཐུན་གྱིས་ཐུན་མོང་གི་དགྲ་བོ་རྒྱ་ནག་ལ་མཉམ་རུབ་ངོ་རྒོལ་བྱེད་ཅིང་། སོ་སོའི་བདག་དབང་སླར་གསོ་བྱ་ཐབས། ཞེས་པའི་ཐོག་བགྲོ་གླེང་དབུ་འཛུགས་ཞུ་རྒྱུ།

བརྗོད་གཞི་གཉིས་པ།

མ་འོངས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་དང་། ཐབས་ཇུས་རང་བཞིན་གྱི་འཆར་གཞི། ཞེས་པའི་ཐོག་བགྲོ་གླེང་།

བརྗོད་གཞི་གསུམ་པ།

བོད་རང་བཙན་ཡིན་པའི་བདེན་དཔང་ཕྱོགས་བསྡུས་ཀྱིས་བོད་པ་ནང་ཁུལ་དང་། རྒྱལ་སྤྱིའི་ཐོག་གསལ་སྟོན་བྱ་ཐབས་ཞེས་པའི་ཐོག་བགྲོ་གླེང་།

བརྗོད་གཞི་བཞི་པ།

བོད་རང་བཙན་འཐབ་རྩོད་དང་། རང་བཙན་རྩོད་མཁན་རྣམས་གོང་ས་མཆོག་དང་། བོད་གཞུང་ལ་མ་གུས་པ་མིན་པའི་བདེན་དོན་གསལ་སྟོན་བྱེད་དེ། དེ་འབྲེལ་དཀའ་ཉེན་ལ་གདོང་ལེན་ཆིག་སྒྲིལ་ཡོང་ཐབས།

བརྗོད་གཞི་ལྔ་པ།

བཙན་བྱོལ་བོད་མིའི་ཁྲོད་རྒྱལ་ཞེན་བློ་སྤོབས་དང་། དམངས་གཙོ་སྲ་བརྟན་གོང་འཕེལ་གཏོང་ཐབས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up