བོད་རང་བཙན་དང་འབྲེལ་བ་ཅན་གྱི་བརྗོད་པ།

སྙན་བཟང་གཡུང་དྲུང་ཚེ་རིང་།

དང་པོ། བསམ་ཚུལ་ཡིན་དཱ།

ཉིན་འགའི་གོང་དུ་ལི་བྷི་ཡའི་དྲག་སྤྱོད་པ་ཚོས་རང་གི་སྲིད་འཛིན་ལ་མེ་མདའ་སྐག་སེ་བརྒྱབ་ནས་བསད་སོང། ཁྲག་དམར་ལྷོག་ལྷོག་ཏུ་བཞུར་བ་མཐོང། ཊུ་ནི་ཤ་ཡའི་སྲིད་འཛིན་དང་ཨི་ཇིབ་ཀྱི་འགོ་འཁྲིད་གཉིས་ཀྱིས་ཀྱང་སྲིད་དབང་བློས་བཏང་མེད་ན་ཚེ་བཙོན་དང་དམར་གསོད་གཉིས་ཀྱི་ལམ་ཁ་གང་རུང་ཞིག་ལས་གཞན་མེད་པ་རེད། ད་དུང་ཡང་ཨ་རབ་ཏུ་གསར་བརྗེའི་མེ་ལྕེ་མུ་མཐུད་དུ་འབར་གྱིན་འདུག འདི་ལས་གསལ་པོ་ཞིག་མཐོང་བ་ནི། “གསར་བརྗེ་”ནི་མི་དམངས་ཀྱི་སྟོབས་ཤུགས་ཀྱིས་སློང་དགོས་པ་དང་། གསར་བརྗེ་ལ་བརྟེན་ནས་མི་མང་གི་རེ་འདུན་ཡང་རྣམ་པར་རྒྱལ་བཞིན་པ་དེ་རེད།

ང་ཚོས་“མེ་ཏོག་ཨ་ཀར་གྱི་གསར་བརྗེའི་”མེ་ལྕེ་རྒྱ་ནག་ཏུ་མཆེད་ན་སྙམ་པའི་རེ་བ་ཞིག་བརྒྱབ་པ་རེད། རེ་བ་རྒྱག་དགོས་དོན་ནི། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འདི་དམངས་གཙོ་ཅན་དུ་གྱུར་ན། ང་ཚོས་ཀྱང་དམངས་གཙོ་ཞེས་པའི་ལྟ་གྲུབ་རྒྱབ་རྟེན་དུ་བྱས་ཏེ་ཐོབ་ཐང་ཞིག་རྩོད་ཆོག་པ་དང། དེ་ནས་འོས་ཤོག་འཕེན་ཆོག་པའི་ཡང་དག་པའི་ལམ་སྲོལ་དེར་བརྒྱུད་ནས་བོད་ཀྱི་བདེན་མཐའ་སེལ་ན་སྙམ་པ་རེད། ཡིན་ནའང། གསར་བརྗེའི་མེ་ལྕེ་དེ་རྒྱ་ནག་ཏུ་མཆེད་གྲབས་ལྟ་བུ་ཞིག་བྱས་ནས་མཆེད་མ་སོང་། བསམ་བློ་བཏང་ན་མཆེད་རྒྱུའང་མིན་པ་འདྲ། མི་བརྒྱ་སྐོར་འགའ་རེས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་དགོས་ཞེས་སྐད་འབོད་བྱས་ནའང་འདྲ། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་གྱེན་ལངས་བྱས་ནའང་འདྲ། འདི་དག་གི་རྒྱབ་ཏུ་རྒྱ་ནག་མི་མང་གི་བརྒྱ་ཆའི་ག་ཚོད་ཅིག་ཡོད་དམ། དེས་ན་གསར་བརྗེའི་མེ་ལྕེ་མཆེད་པ་ལ་རྒྱ་ནག་གི་དཔལ་འབྱོར་རྡིབ་དགོས་ཤིང། དེ་ནས་མི་མང་ས་ཡ་དང་དུང་ཕྱུར་མང་པོའི་གྲོད་ཁོག་ལྟོགས་དགོས་པ་མ་ཟད། སྐོམ་པ་ཞིག་ལངས་དགོས་པ་རེད།

ཨ་རབ་ཀྱི་གསར་བརྗེ་ལངས་སྐབས། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ཨ་རབ་མི་དམངས་ལ་རྒྱབ་སྐྱོར་གནང་ཞིང། མཚོ་དམག་དང་གནམ་དམག་བཏང་བ་དེས་སེམས་འགུལ་ཐེབས། ཨ་རི་དང་ཡུ་རོབ་གཙོས་པའི་རྒྱལ་ཁབ་སྟོབས་ཆེན་ཚོས་ལུང་པ་གཞན་དག་ལའང་རྒྱབ་སྐྱོར་འདི་ལྟར་གནང་ཚེ། དུས་རབས་ཉེར་གཅིག་པའི་སྟོད་དུ་འཛམ་གླིང་འདིའི་སྟེང་གི་སྲིད་དབང་སྒེར་གཅོད་པ་ཡོད་ཚད་རྩ་མེད་ནུས་མེད་དུ་གཏོང་ཐུབ་མིན་ནི་དོགས་པ་རྩ་བྲལ་རེད། ཡིན་ནའང་ནུབ་ཕྱོགས་པ་འདི་ཚོས་ཨ་ཧྥི་རི་ཀའི་གླིང་ཕྲན་དུ་མགོ་བོ་ཁྲག་ནང་དུ་ཉལ་བའི་མི་དམངས་ཚོའི་སྐྱིད་སྡུག་བརྗོད་ཀྱི་མེད་ལ། ཁོ་བྷ་དང་བྱང་ཁོ་རེ་ཡ་ལྟ་བུའི་རྒྱལ་ཁབ་དག་གི་སྲིད་དབང་དུམ་སེ་གཅོད་ཀྱི་ཡིན་ཞེས་གླེང་གི་མེད།

ལི་བྷི་ཡ་དང་བོད་གཉིས་བསྡུར་དང། ལི་བྷི་ཡའི་རྒྱལ་ཁབ་འདི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་དེའི་ནང་དུ་སྐྱེས་པའི་མི་ཞིག་གིས་སྲིད་དབང་བཟུང་སྟེ་རང་གི་མི་དམངས་ལ་གདུག་རྩུབ་བཏང་བ་རེད་མ་གཏོགས། རྒྱལ་ཁབ་གཞན་པ་ཞིག་གིས་ཐུབ་ཚོད་བཏང། སྲིད་དབང་སྒེར་གཅོད་བྱས་པ་ཞིག་རྩ་ནས་མ་རེད། བོད་ནི་དེ་འདྲ་མ་རེད། བོད་དུ་མི་དབང་ཤེད་ཅན་ཞིག་ཡོང་ནས་རང་བཙན་ཡོད་པའི་རྒྱབ་ཁབ་ཅིག་ཁྱུར་མིད་བཏང། མི་རིགས་དེར་གཉའ་གནོན་བྱས། རང་དབང་གི་ཐོབ་ཐང་རྩ་བྲལ་དུ་བཏང་བ་ཡིན་སྟབས། འདི་གཉིས་ཀྱི་ངོ་བོ་འདྲ་མ་སོང། སྤྱིར་ཡིན་ན་སྟོབས་ཆེན་རྒྱལ་ཁབ་འདི་ཚོས། ཐོག་མར་ང་ཚོའི་མཐའ་ནས་སྐྱོར་དགོས་པ་འདྲ་ཞིག་མཐོང་གི་མི་འདུག་གམ།

ང་ཚོས་གློ་བུར་དུ་“བོད་ཀྱི་མཆོད་མེ་གསར་བརྗེ་”ལྟ་བུ་ཞིག་བསླངས་ནའང། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨ་རབ་ཀྱི་ལུང་པ་ཁག་ཏུ་རྒྱབ་སྐྱོར་བྱས་པ་བཞིན་ང་ཚོར་རྒྱབ་སྐྱོར་གནང་གི་མ་རེད། གཅིག་ན་བོད་ཀྱི་ཁྲི་ཤོར་རྒྱལ་མོ་ནི་སྣུམ་མཛོད་མ་རེད། གཉིས་ན་རྒྱ་ནག་ནི་སྟོབས་འབྱོར་ཆེན་པོ་རེད། ནུབ་ཕྱོགས་ཀྱི་སྲིད་འཛིན་ཚོས་བོད་རང་བཙན་མ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་ཀྱི་འདུག འདི་དང་མཉམ་དུ་ཞི་བའི་གྲོས་མོལ་གནང་རོགས་ལྟ་བུའི་འབོད་སྐུལ་རེ་གནང་སྟེ་བསམ་གོམས་ཉན་གོམས་སུ་གྱུར་པའི་ཚིག་དུམ་རྙིང་པ་འདི་དག་བསྐྱར་ཟློས་སུ་བརྗོད་ངེས། ཚིག་དུམ་འདིས་ང་ཚོར་འདས་པའི་དུས་སུའང་ཕན་ཐོགས་མེད་ལ། མ་འོངས་པའང་རྫུ་འཕྲུལ་ཞིག་སྟོན་ཐུབ་རྒྱུ་ཁག་པོ་རེད།

དེས་ན། བོད་ཀྱི་བདེན་མཐའ་འདི་སེལ་ཐུབ་མཁན་ཞིག་ཡོད་པ་ནི་བོད་མི་ས་ཡ་དྲུག་ལས་གཞན་མེད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་ལུས་མི་དམངས་ཀྱི་རེ་འདུན་ལ་མ་གཟིགས་པར་“རང་བཙན་”བློས་བཏང་ཞིང། “བཙན་བྱོལ་བོད་གཞུང་”ཞེས་པའི་མིང་འདི་ཡང་ཕྱིར་བསྡུ་གནང་བ་རེད། ཐ་ན་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་མི་རབས་ཚོར་བོད་ཡིག་གི་རྣམ་ཤེས་ཤིག་ཀྱང་བསྐྲུན་ཐུབ་མེད། འདི་ལྟར་མེད་ས་ཞིག་ནས་བོད་ཀྱི་བདེན་མཐའ་སེལ་བར་ནུས་པ་ཞིག་འདོན་ཐུབ་མིན་དཀའ་སེ་འདུག

ད་ཡིན་ན་“བོད་ཀྱི་དོན་གྱི་བདག་པོ་བོད་མི་མང་རེད།” བོད་ཀྱི་བདེན་མཐའ་དེ་ཡང་བོད་ནས་གསལ་དགོས་པ་རེད་དྲན། བོད་ནས་“གསར་བརྗེ་ཆེན་མོ་”ཞིག་ལངས་དགོས་ཤིང། བོད་ཀྱི་བདེན་མཐའ་འདི་ལ་འགྱུར་བ་ཞིག་མ་ཐེབས་བར་དུ་གསར་བརྗེ་ཆེན་མོ་དེའི་མེ་ལྕེའང་འབར་མཚམས་ཆད་མི་སྲིད་པ་ལྟ་བུ་རེད། དེང་སང་བོད་གཞིས་ལུས་མི་དམངས་ཀྱི་སེམས་ཤུགས་ཆེན་པོ་རེད། སེམས་ཤུགས་ཡོད་ཐོག་ཏུ་གསར་བརྗེ་ཆེན་མོ་ཞིག་ལངས་དགོས་པ་དང། མ་གཞི་ནས་གསར་བརྗེ་ཞིག་ལངས་ཚར་དུས་འགྱུར་བ་ཞིག་ཀྱང་ཏན་ཏན་ཐེབས་ཀྱི་ཡོད།

དེ་མིན་མ་འོངས་པ་ནའང་བོད་རྒྱ་གྲོས་མོལ་ཡོད་པའི་བཟོ་འདྲ་པོ། མེད་པའི་བཟོ་འདྲ་པོ། ཡང། བོད་དོན་ཆེད་དཀའ་ལས་རྒྱག་གི་ཡོད་པའི་བཟོ་འདྲ་པོ། གྲུབ་འབྲས་མེད་པའི་བཟོ་འདྲ་པོའི་གནས་སྟངས་ཀྱིས་ང་ཚོའི་ལོ་ཟླ་མང་པོ་ཞིག་མུ་མཐུད་དུ་རྫོགས་ངེས་རེད། འདི་ལ་སྙིང་དམར་པོ་ཐང་ལ་ལྷུང་བའི་ཚོར་བ་ཞིག་འདུག

གཉིས་པ། དུས་ལ་བབ་པའི་མང་མོས་འོས་བསྡུ།

“བོད་རང་དབང་རང་བཙན་ཡིན། གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་”ཞེས་པ་འདི་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་འབོད་སྒྲ་རེད། འབོད་སྒྲ་འདི་ནི་བོད་མདོ་དབུས་ཁམས་གསུམ་དུ་ལོ་ནས་ལོར་བསྟུད་ཅིང། ཟླ་ནས་ཟླར་བསྟུད་ནས་གྲགས་པའི་ཚིག་ཅིག་རེད། རྒྱ་གཞུང་གིས་འབོད་སྒྲ་འདི་རྩ་ཆད་དུ་གཏོང་ཆེད་བོད་མི་མང་པོ་ཞིག་དམར་གསོད་བྱས། བཙོན་དུ་བཅུག་ནའང། འབོད་སྒྲ་འདི་བོད་ཀྱི་གནམ་སྔོན་པོ་དང་ས་དོག་མོའི་སྟེང་དུ་ཆད་མ་མྱོང། འབོད་སྒྲ་འདི་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད། ཟླ་གཅིག་གི་གོང་དུ། འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་གྲགས་ཤིང། མེ་དམར་པོའི་གསེང་ནས་གློ་བུར་དུ་འབར་འགོ་ཚུགས་པ་རེད།

རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་འབོད་སྒྲ་འདི་བསྒྲགས་ཐེངས་རེར། བྱེས་འབྱོར་བོད་མི་ཚོས་ཀྱང་དེ་ལ་གདུང་སེམས་མཉམ་སྐྱེད་དང། རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་གསལ་པོར་ཡོང་ཆེད་ལས་འགུལ་སྣ་མང་སྤེལ་བཞིན་ཡོད། ད་ལྟའི་བར་དུ་ང་ཚོར་གྲུབ་འབྲས་ཤིག་བྱུང་མེད་ཀྱང། འབོད་སྒྲ་འདི་རྩ་ཆེན་པོར་གྱུར་ཡོད། འབོད་སྒྲ་འདི་ཧ་ཅང་ནུས་ལྡན་ཞིག་ཏུ་གྱུར་པ་རེད། འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ད་ལྟའི་བར་དུ་གནས་ཤིང། མ་འོངས་པའང་འབོད་སྒྲ་འདི་ལ་བརྟེན་ནས་གནས་དགོས་པ་ཞིག་ཆགས་ཡོད། འབོད་སྒྲ་འདི་ཆད་པའི་ཉིན་མོར་ང་ཚོའི་བཙན་བྱོལ་གྱི་ཟིན་ཐོ་མཇུག་བསྡུས་པ་རེད་ལ། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་དང། རིག་གཞུང། བོད་མིའི་སེམས་ཁམས་དང་བཅས་པ་རྒུད་ཚར་བ་རེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་གནས་སྟངས་དང་བསྟུན་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་ཤིག་གཏན་འབེབས་གནང་ཡོད་པ་མ་གཏོགས། བོད་རང་བཙན་རྩོད་མཚམས་བཞག་ནས་ད་ལྟའི་བར་བོད་གཞིས་ལུས་མི་མང་གི་རེ་འདུན་ལས་འཕྲོས་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་ཤིག་གནང་མེད། ང་ཚོར་“བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་”ཅེས་པའི་ཚིག་འདི་འདྲ་ཞིག་ཡོད། ཚིག་འདིས་མ་འོངས་པའི་དོན་དག་ཅིག་སྟོན་པ་ལས་ད་ལྟ་བའི་དོན་དག་ཅིག་སྟོན་གྱི་མེད། མ་འོངས་པ་ནི་སུས་ཀྱང་བཤད་བྲལ་ཐབས། མ་འོངས་པར་རྒྱ་ནག་གི་སྲིད་གཞུང་ཚལ་བ་ཚལ་ཕྱེད་དུ་འགྱུར་སྲིད་ལ། བོད་གཞིས་ལུས་མི་དམངས་ཀྱིས་ཀྱང་རང་བཙན་མི་དགོས་ཞེས་གསུང་སྲིད་པ་རེད། དེས་ན། བོད་གཞིས་ལུས་མི་དམངས་ཚོས་འབོད་སྒྲ་འདི་མི་ལོ་ལྔ་བཅུ་ལྷག་ལ་བསྒྲགས་ཤིང། ཁ་སང་དེ་རིང་ཡང་“བོད་རང་དབང་རང་བཙན་ཡིན་”ཞེས་ཟིལ་ཤུགས་ཀྱིས་དྲངས་པའི་འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་སྒྲོག་གིན་ཡོད། ད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་ཚིག་འདི་ལ་ངེས་པར་དུ་ཐུགས་སྣང་གནས་དགོས་པའི་དུས་ཚོད་ཛ་དྲག་ཅིག་ཏུ་སླེབས་འདུག

རྒྱལ་བ་རིན་པོ་ཆེས་ཕྱི་ལོ་༡༩༩༥ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དུ། “ད་ལྟའི་ཆར་བོད་ནང་རྒྱ་ཁྱབ་ཡོངས་བསྒྲགས་ཀྱིས་བསམ་འཆར་བསྡུ་ཐབས་མེད་ཀྱང་བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་བསྡུ་རྒྱུའི་ཐབས་ལམ་འཚོལ་རྒྱུ་”ཞེས་བཀའ་ཕེབས་ཡོད་ཀྱང། སྐབས་དེར་ལམ་ལྷོངས་བྱུང་མེད། ད་ནི་ང་ཚོས་ལམ་ལྷོངས་ཡོད་པ་ཞིག་བཟོ་དགོས་པ་རེད། བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་ཆ་ཚང་བ་ཞིག་འཚོལ་ཐབས་མེད་ནའང། བཙན་བྱོལ་དུ་གསར་དུ་འབྱོར་བའི་བོད་མིའི་ཚོའི་བསམ་འཆར་བསྡུ་ཆོག་ལ། བོད་དུ་གསང་སྟབས་ཀྱིས་ཕྱིན་ཏེ་བསམ་འཆར་ཀྱང་བསྡུ་ཆོག་པ་རེད། ལྷག་པར་དུ་དེང་སང་སྔོན་མ་དང་མི་འདྲ་བར་དྲ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ་ཞིག་ཡོད་པ་འདི་ལ་བརྟེན་ནས་ཀྱང་བསམ་འཆར་བསྡུ་ཆོག་པ་རེད། བརྒྱུད་ལམ་འདི་གསུམ་ལ་བརྟེན་ནས་མ་མཐར་ཡང་བསམ་འཆར་ཞིག་བསྡུ་དགོས་པ་རེད། ང་ཚོར་སྲིད་དོན་གྱི་ཐ་སྙད་མང་པོ་ཡོད་ཀྱང། བསམ་འཆར་བསྡུ་སྐབས་“ཁྱེད་རང་ཀྲུང་གོའི་འོག་ཏུ་གནས་འདོད་ཡོད་དམ། མེད་”ཅེས་པ་ནི་ང་ཚོའི་བསམ་འཆར་གྱི་དྲི་བ་རེད།

འདི་འདྲའི་བསམ་འཆར་ཞིག་གང་མགྱོགས་ཀྱིས་བསྡུ་དགོས་པ་རེད་དྲན་བྱུང། བསམ་འཆར་འདི་བསྡུ་ཐུབ་པ་ཡིན་ན་བོད་གཞིས་ལུས་མི་མང་གི་ཐུགས་དགྱེས་ངེས་རེད་ལ། བཙན་བྱོལ་གྱི་བཀའ་ཤག་གསར་པས་ཀྱང་ཕྱག་ལས་གསར་པ་དང། “ལས་འགུལ་གསར་པ་”སྤེལ་ཐུབ་ཀྱི་རེད་སྙམ། བོད་རྒྱལ་ཁབ་ཀྱི་རྩ་དོན་ནི་བོད་མི་ཡོངས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན་སྟབས། བཙན་བྱོལ་དུ་བོད་མི་འབུམ་གཉིས་ཟིན་མ་ཟིན་ཙམ་ཡོད་པ་ང་ཚོས་“བོད་ཀྱི་དོན་གྱི་བདག་པོ་བོད་གཞིས་ལུས་མི་དམངས་ཡིན་”ཞེས་པ་དང་། “བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་”ཅེས་གླེང་སྟེ་འཐབ་རྩོད་གཞན་པ་ཞིག་གནང་རྒྱུ་ཨེ་ཡོད་དྲན། ལྷག་པར་དུ་བཀའ་ཤག་གསར་པས་ཀྱང་ཕྱག་ལས་གསར་པ་དང། ལས་འགུལ་གསར་པ་གནང་མ་ཐུབ་ཚེ། ནུས་ཤུགས་ཡོད་ཚད་ཀྱིས་རྩ་དོན་མང་པོ་བགྲངས་ནས་སྒྲིག་འཛུགས་ཤིག་ལ་ཤུགས་བརྒྱབ་བསྡད་ན་ང་ཚོའི་འཐབ་རྩོད་ཀྱི་ལངས་ཕྱོགས་ནོར་བ་རེད།

མདོར་ན། ང་ཚོས་སྔ་མོར་རང་བཙན་མ་བརྩད་པ་མ་རེད། གྲུབ་འབྲས་མེད་སོང་བ་རེད། མི་ལོ་སུམ་བཅུའི་རིང་དུ་རང་སྐྱོང་ཅི་ལྟར་གླེང་ནའང་འབྲས་རྟགས་ཅི་ཡང་མེད། ད་དུང་མུ་མཐུད་དུ་འཐབ་རྩོད་བྱེད་ཀྱིན་ཡོད། ཡིན་ནའང་འཐབ་རྩོད་ཀྱི་ལམ་ཁ་ནུས་ལྡན་ཞིག་མ་རྙེད་པར་བསྡད་ཡོད། བརྒྱ་ལ་བཤད་ཀྱང། ང་ཚོས་འཐབ་རྩོད་ཀྱི་ལམ་ཁ་འདི་གཉིས་ལས་གང་རུང་གཅིག་འདེམས་དགོས། འདི་བོད་མི་དམངས་ཀྱིས་ཐག་གཅོད་དགོས་ཤིང། ཐག་གཅོད་འདི་མང་མོས་འོས་བསྡུའི་ལམ་ནས་ཡོང་དགོས། འདི་ནི་ང་ཚོའི་ཐོབ་ཐང་རེད་ལ། བོད་མི་ས་ཡ་དྲུག་གི་ཐོབ་ཐང་ཀྱང་རེད། འདི་ནི་དགའ་དང་མི་དགའ་བའི་དོན་དག་ཅིག་མ་རེད།

གསུམ་པ། བོད་རང་སྐྱོང་ཨེ། ང་ཚོར་རང་བཙན་དགོས།

བཙན་བྱོལ་དུ་འཁྲུངས་པའི་ལམ་དབུ་མ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་ཞེས་ང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད་བཞིན་ཡོད། མི་ལོ་སུམ་བཅུ་ལྷག་ལ་སྲིད་ཇུས་འདི་ཉིད་གླེང་སྟོབས་ཀྱིས་ད་ནི་ང་ཚོའི་འགྲམ་པའི་འཕྲུལ་འཁོར་ཟད་ལ་ཉེ། དོན་དངོས་སུ་འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་གླེང་བཞིན་པའི་སྲིད་ཇུས་འདི་ལ་བརྟེན་ནས་བོད་དོན་ལ་གྲུབ་འབྲས་ག་རེ་བྱུང་ཡོད་དམ། བོད་རྒྱ་གཉིས་ཀྱི་བར་ལ་གྲོས་མོལ་གསལ་ལ་མ་གསལ་བ་ཞིག་དང། མགོ་ཚོས་ལ་མ་ཚོས་པ་ཞིག་བྱུང་ཡོད་པ་དེ་དག་སྲིད་ཇུས་འདིའི་གྲུབ་འབྲས་སུ་རློམ་རྒྱུ་ཡིན་ནམ། གྲུབ་འབྲས་འདིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཕར་ཞོག ཐ་ན་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གཅིག་ཀྱང་གློད་ཐུབ་མེད། མ་འོངས་པ་ནའང་སྲིད་ཇུས་འདི་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་སེལ་ཐུབ་རྒྱུ་མིན་པ་འདྲ།

ཉེ་ཆར་“དམིགས་བསལ་སྐུ་ཚབ་ཀྱི་བརྡ་ཁྱབ་”ཅེས་པའི་རྩོམ་ཡིག་ནང་དུ་“ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཧ་ཅང་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་བལྟས་ན་གྲོས་མོལ་ཡོང་ཐབས་འབད་རྩོལ་བྱ་རྒྱུ་ཡང་ཕན་ཐོགས་མེད་པ་ལྟ་བུ་རེད་”ཅེས་གསུངས་ཡོད། ཚིག་དུམ་འདི་ནི་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་ཤིང། ཡུན་རིང་པོར་བོད་རྒྱ་གྲོས་མོལ་གནང་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་པ་ཞིག་རེད། ༡༩༧༩ ལོར་ཏིན་ཞའོ་ཕིན་གྱིས་གློ་བུར་དུ་“རང་བཙན་མིན་པའི་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་”ཅེས་རྔ་ཞིག་བརྡུངས་མ་ཐག ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང། བོད་གཞིས་ལུས་མི་མང་གི་གནས་སྟངས་ནི་ཆེས་ཛ་དྲག་ཏུ་དགོངས་ནས་འཆམ་ཞིག་འཁྲབ་ཁུལ་གྱིས་སྲིད་ཇུས་འདི་བཏོན་པ་མ་གཏོགས། ཨ་རི་དང་ཡུ་རོབ་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་ང་ཚོའི་འཐབ་རྩོད་ལ་གནོན་ཤུགས་སྤྲད་པ་ཞིག་དང། རྒྱ་གར་གཞུང་གིས་ཀྱང་བོད་རང་བཙན་ལ་བསྙད་དེ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་མ་རེད་སྙམ། ཡིན་ནའང། སྐབས་དེར་རྒྱལ་བ་རིན་པོ་ཆེས་གསུངས་པའི་“བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་”ཅེས་པའི་གསུང་དུམ་འདི་ནི་གནད་འགག་ཅན་ཞིག་ཏུ་མཐོང་ཞིང། གསུང་དུམ་འདིའི་ནུས་སྟོབས་ཀྱིས་ཡུན་རིང་པོར་བོད་རང་བཙན་གྱི་དྲོད་རླབས་ཡལ་བཅུག་མེད། ཕྱིས་སུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་ས་གནས་མི་རིགས་ཁག་གི་རང་སྐྱོང་བཅའ་ཁྲིམས་གླེང་བ་དེས། གོང་གི་གསུང་དུམ་འདི་ལ་དོ་ཕོག་དང། ནུས་པ་ཇེ་ཞན་དུ་བཏང་ཡོད།

༡༩༨༧ ལོར་༸རྒྱལ་བ་རིན་པོ་ཆེས་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔའི་དགོངས་དོན་དང། ལྷག་པར་ནང་གསེས་དོན་ཚན་ལྔ་པའི་སྐོར་ལ་འགྲེལ་བཤད་ཞིབ་གསལ་གནང་ཡོད། ཡིན་ནའང། སྐད་གྲགས་ཅན་གྱི་ལམ་དབུ་མའི་འགྲེལ་བཤད་འདི་གཉིས་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་སྲིད་དོན་པ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་རྡོ་ཁབ་ལེན་གྱིས་ལྕགས་དྲངས་པ་བཞིན་བྱུང་བ་ཞིག་མིན་པ་འདྲ། དོན་དངོས་སུ་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐད་སེམས་ཁུར་གནང་བར་རིགས་གཉིས་འདུག རིགས་གཅིག་གིས་རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྩི་མཐོང་གིས་བོད་རྒྱབ་ཏུ་ལངས་པ་དང། རིགས་གཞན་པ་དེས་བོད་ཀྱི་ཛ་དྲག་གི་གནས་བབ་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་བོད་པར་གཞོགས་འདེགས་ཀྱི་ལག་པ་བསྲིངས་པ་རེད།

ལམ་དབུ་མའི་རྒྱབ་ཀྱི་རང་སྲིད་རང་སྐྱོང་ལ་འདོད་པའི་རྣམ་འགྱུར་སྟོན་མཁན་ཞིག་ཡོད་པ་ནི། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོ་རེད། དམངས་གཙོ་དོན་གཉེར་བ་འདི་ཚོས་ཕྱོགས་གཅིག་ནས་རྒྱ་ནག་པ་དུང་ཕྱུར་གཉིས་ལྷག་གི་འགྲོ་བ་མིའི་ཐོབ་ཐང་རྩ་འཕྲོག་བཏང་བར་ངོ་རྒོལ་བྱེད་པ་དང་ཆབས་ཅིག ཕྱོགས་གཞན་པ་ཞིག་ནས་བོད་མིའི་རང་དབང་གི་ཐོབ་ཐང་སྟེ་བོད་རང་བཙན་གླེང་གི་མེད། རྒྱ་ནག་དམངས་གཙོ་དོན་གཉེར་ཅན་དུ་གྲགས་པའི་ཤེས་ཡོན་པ་ཚོའི་ནང་དུ། ཚའོ་ཁྲང་ཆིང་དང་ཞའོ་ཧུའེ་གཉིས་ཀྱིས་བྲིས་པའི་“བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་”ཞེས་པའི་རྩོམ་ཡིག་དང། ལྦེ་ཅིན་ཧྲིན་གྱིས་བརྩམས་པའི་“བཙོན་ཁང་ནས་བོད་ཀྱི་གནད་དོན་སྐོར་ཏིན་ཞའོ་ཕིན་ལ་བཏང་བ་ཡི་གེ་”ཞེས་པ་ལྟ་བུའི་རྩོམ་ཡིག་རྣོན་པོ་འབྲི་ཐུབ་མཁན་རེ་ཟུང་ཞིག་ལས་བྱུང་མེད། འདི་ལ་བསམས་སྐབས། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཕལ་མོ་ཆེས་དགོས་མཁོ་ཞིག་གི་ཆེད་དུ་ལམ་དབུ་མར་རྒྱབ་སྐྱོར་གནང་གི་ཡོད་པ་ལས་བོད་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད།

དེས་ན། ད་བར་དུ་ང་ཚོས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མར་བརྟེན་དགོས་བྱུང་བ་དང། སྲིད་ཇུས་འདི་ལའང་འཕོ་འགྱུར་གྱི་བསེར་བུ་ཙམ་ཡང་མ་ཤོར་བའི་གནད་འགག་དེ་མཐར་གཏུགས་ན་འཚེ་བ་མེད་པའི་ལྟ་གྲུབ་དང་དད་པ་དག་སྣང་གཉིས་ལ་ཐུག་འདུག རྒྱལ་བ་རིན་པོ་ཆེས་“ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་”ཅེས་གསུངས་བཞིན་དུ་མང་མོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང། བཙན་བྱོལ་གྱི་བོད་མི་ཚོས་ཀྱང་རང་གི་རྩ་བའི་བླ་མའི་ཞལ་རས་སྒོམ་བཞིན་ལམ་དབུ་མར་འོས་ཤོག་བླུགས་ཡོད། ང་ཚོས་མཁྱེན་དགོས་པ་ཞིག་ལ། རྒྱལ་བ་རིན་པོ་ཆེ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་རྣམ་སྤྲུལ་རེད། བོད་ཁ་བ་ཅན་དུ་ཤ་གཟུགས་ཀྱིས་བྱོན་པ་རེད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་བོད་ལ་བསྲེགས་ཏེ་སྐུ་གཤེགས་ཁར་རྒྱལ་བ་རིན་པོ་ཆེས་དཔའ་བོ་དམ་པ་ཁོང་ལ་“དགྲ་བོའི་ཕྱོགས་ལ་ཁོང་ཁྲོ་མ་གནང”ཞེས་གསུངས་ཡོད། ཚིག་འདི་འདྲ་འཛམ་གླིང་གི་སྲིད་དོན་པ་སུ་ཞིག་གིས་གསུང་ཐུབ་བམ། ཡིན་ནའང། ང་ཚོ་ནི་སྤྱན་ཆས་གཟིགས་ཀྱི་སྤྲུལ་པ་མ་རེད།

ལར་ནས་ལམ་དབུ་མའི་ཐབས་ལམ་ལ་བརྟེན་ནས་རང་སྲིད་རང་སྐྱོང་གླེང་བ་ནི་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་སྐོར་ནས་ཤོད་ཅིང། བོད་འདི་ཉམ་ཆུང་ནུས་མེད་ཟུངས་ཟད་དུ་གྱུར་སྟབས་རྒྱ་ནག་གི་དཔལ་འབྱོར་གྱི་རོགས་སྐྱོར་མེད་ཚེ་འཚོ་ཐབས་མེད་པའི་བསམ་བློ་གཏོང་གི་ཡོད། འདི་ལ་སེམས་དཔའ་ཆེན་པོ་གན་ངྷིས་“ཁྱེད་རང་ལ་སྟག་གི་གཤིས་ཀའམ་སྟག་གི་རང་བཞིན་དེ་དགོས་ཀྱང་སྟག་མི་དགོས་པ་རེད”ཅེས་གསུངས་ཡོད། ཡང། བོད་མི་མང་པོ་ཞིག་གིས་རྒྱ་ནག་གིས་ང་ཚོར་རང་སྐྱོང་སྤྲད་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་སྙམ་བཞིན་ཡོད། མ་གཞི་ནས་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་མིན་མི་ཤེས་མོད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་གི་ནང་ནས་ང་ཚོར་དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲོད་ཐུབ་བམ། ཐོབ་ཐང་འདི་མེད་ཚེ་ང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩ་ཆེན་པོ་དེ་ཡང་མེད་པ་ལྟ་བུར་མཐོང། ཕྱོགས་གཞན་ཞིག་ནས་བཤད་ན། བོད་རྒྱ་གཉིས་སྤྱི་ཚོགས་གཅིག་གི་དཀྱིལ་འཁོར་དུ་བསྡད་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་ང་ལ་མཚོན་ན་དོགས་པ་རེད་ལ། བོད་ཀྱི་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོ་གསོད་མཁན་གྱི་མི་རིགས་ཤིག་དང་མཉམ་དུ་གནས་འདོད་ཀྱི་བློ་ལྡང་བ་ནི་ཡ་མཚན་ཅན་དུ་མཐོང།

ད་ནི་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ན་སྙིང་དམར་པོ་ཐང་ལ་ལྷུང་གྲབས་བྱེད། རྒྱ་གཞུང་གིས་བོད་དུ་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུགལྷག་པར་དུ་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱས་ཏེ་བོད་ཀྱི་མི་རབས་གསར་པ་ཚོའི་བོད་ལྕེ་རྒྱ་ལྕེ་གཙང་མར་འགྱུར་བར་བྱེད་ཅིང། བོད་ཀྱི་འབྲོག་སྡེ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་ཏེ་སྲོལ་རྒྱུན་རྩ་གཏོར་བྱེད་མགོ་ཚུགས་ཡོད། བོད་གཞིས་ལུས་མི་མང་གིས་ཀྱང་རྒྱ་ནག་གིས་དྲངས་པའི་གདུག་རྩུབ་སེམས་ཀྱིས་མ་ཐེག་པར་ཞི་རྒོལ་དང། ཐ་ན་རང་གི་གཅེས་ཤིང་ཕངས་པའི་ལུས་པོ་འདི་ཡང་མེ་ལ་སྒྲོན་བཞིན་ཡོད། ང་ཚོར་བོད་གཞིས་ལུས་མི་དམངས་ཀྱི་སྡུག་བསྔལ་གང་མྱུར་གྱིས་སྐྱོབ་པའི་སྒྱུ་འཕྲུལ་ལྟ་བུའི་ནུས་པ་མེད་ཀྱང། གཞིས་ལུས་མི་དམངས་ཀྱི་མངོན་འདོད་སྣང་མེད་རྒྱ་ཡན་དུ་མ་བསྐྱུར་བར་དེ་ལ་བརྩི་མཐོང་གིས་སྲིད་ཇུས་ཤིག་སྤེལ་ན་ཅི་ལ་མི་ཆོག་དྲན་བྱུང།

ང་ཚོར་དབུ་འཁྲིད་ཅིག་དགོས་པ་རེད། དབུ་འཁྲིད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་ལས་གཞན་ངས་བཙལ་ཀྱང་རྙེད་མ་བྱུང། ཁོང་གིས་བོད་མི་རིགས་ཀྱི་མངོན་འདོད་ལ་དཔག་པའི་སྲིད་ཇུས་ཤིག་སྤེལ་ཐུབ་ཚེ། དེ་ནི་རྒྱལ་བ་རིན་པོ་ཆེར་གུས་མི་གུས་དང། རྒྱ་ནག་ལ་ཁོང་ཁྲོ་སློང་མི་སློང་གི་སྐད་ཆ་མ་རེད། ང་ཚོས་ཐོབ་ཐང་ཞིག་གླེང་གི་ཡོད་པ་རེད། མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་གི་རྩ་དོན་འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་གཉིས་ནང། “མི་རིགས་སོ་སོའི་མི་དམངས་ཚང་མར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་”ཅེས་དང།  “སྤྱི་ཆིངས་འདི་འཇོག་མཁན་གྱི་རྒྱལ་ཁབ་ཚང་མས། རང་ཐག་རང་གཅོད་ཀྱི་དབང་ཆ་འདི་མངོན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་”ཞེས་གསུངས་ཡོད།

ཉིན་ཁ་ཤས་ཀྱི་གོང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་གྱིས་“མ་འོངས་པར་རྒྱ་གར་ནང་གི་བོད་པའི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། དེ་གསལ་པོ་བཟོས་ཟིན་པ་ཡིན། དེ་སྔ་དང་ད་བར་ནང་བཞིན་མུ་མཐུད་ནས་གནས་ཀྱི་རེད”ཅེས་གསུངས་ཡོད། དེ་བདེན་ན་“བཙན་བྱོལ་བོད་གཞུང་”འདི་ཡང་ཕྱིར་རྩིས་ལེན་གྱིས་བོད་ཀྱི་རང་བཙན་ལེན་ཐབས་ལ་འཆར་ཟིན་གྱི་རི་མོ་ཡག་པོ་ཞིག་འཐེན་དགོས་ཤིང། མ་འོངས་བོད་ཀྱི་དཔལ་འབྱོར་འཚོལ་སྒྲུབ་དང། ལས་འགུལ་སྤེལ་ཕྱོགས། རྒྱབ་སྐྱོར་འཚོལ་སྟངས་བཅས་ཀྱི་ཐད་ལ་བགྲོ་གླེང་ཆེན་མོ་རེ་འཚོགས་ཏེ་གྲོས་བསྡུར་ཞིབ་ལྷུག་གནང་དགོས་ཤིང། ལྷག་པར་དུ་གཞིས་བྱེས་གཉིས་ཀྱི་སེམས་དང་སེམས་ཀྱི་བར་ཐག་སྲིད་ཕྱོགས་ནས་དམ་པོར་བཟོ་དགོས་པ་ནི་དུས་ལ་བབ་ཡོད་པར་སེམས།

ང་ཚོས་དམངས་གཙོ་ཞེས་ག་ཚོད་བཤད་ཀྱང། བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པའི་སྲིད་ཇུས་ཤིག་སྤེལ་མ་ཐུབ་ཚེ། ང་ཚོའི་དམངས་གཙོ་ཞེས་པ་ནི་དམངས་གཙོ་ཆ་ཚང་བ་ཞིག་མིན། དེ་ལ་ནུས་སྟོབས་ཀྱང་མེད། བོད་ཀྱི་བཙན་པོ་དག་གིས་གཙོས་པའི་དཔའ་རྟུལ་ཁྲི་ཕྲག་གི་ཀྭི་སྒྲས་བཞེངས་པའི་བོད་རྒྱལ་ཁབ་འདི་སླར་ཡང་རང་བཙན་ཅན་དུ་གནས་མི་གནས་ཀྱི་འགན་བབ་འདི་དུས་རབས་ཉེར་གཅིག་པའི་བོད་མི་མང་ལ་ཡོད། དེ་བཞིན་དུ་ང་ཚོས་རྒྱ་ནག་གི་སྲིད་ཇུས་འདི་ཡང་རྟག་བརྟན་ཐེར་ཟུག་ཅིག་མིན་པ་མཁྱེན་དགོས་པར་མ་ཟད། བོད་རང་བཙན་མ་ཐོབ་ན་ང་ཚོ་ནམ་ཡང་རྒྱ་ནག་མི་རིགས་གཙོས་པའི་མི་རིགས་གཞན་གྱི་བྲག་གཡོག་ཡིན་པ་མ་བརྗེད་རོགས་ཞེས་བརྗོད་འདོད་དོ།

བཞི་པ། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འགྱུར་བ་གཏོང་དགོས།

བོད་ཀྱི་དཔའ་རྟུལ་ཚོས་རང་ལུས་མེར་སྲེག་དང་ལས་འགུལ་གསར་པ་འདིའི་ནུས་སྟོབས་ལ་བརྟེན་ནས་འགྱུར་བ་ཞིག་ཐེབས་པ་ངས་རེ་བ་བྱས་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟའི་བོད་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་ཐད་ལ་སྔོན་ཆད་དང་མི་འདྲ་བར་རྒྱབ་སྐྱོར་ཆེན་པོ་གནང་སྟེ་བོད་དོན་ལ་འགྱུར་བ་ཞིག་ཐེབས་པའམ། ཡང་ན་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་གིས་གླེང་བཞིན་པའི་ཞི་བའི་དོན་ཚན་ལྔ་ཁས་ལེན་གྱིས་བོད་ལ་རང་སྐྱོང་སྤྲོད་སྲིད་པའི་འགྱུར་བ་དེ་འདྲ་མིན། ངའི་རེ་བ་ནི་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་སྲིད་ཇུས་བཅོས་བསྒྱུར་གྱི་འགྱུར་བ་དེ་ཡིན།

བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་མ་ཐག བཙན་བྱོལ་བོད་གཞུང་གིས་ནུས་པ་ཡོད་ཚད་ཀྱིས་བོད་ནང་གི་འཐབ་རྩོད་འདི་རྒྱལ་སྤྱིར་ཁྱབ་བསྒྲགས་དང། ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་གདུང་སེམས་མཉམ་བསྐྱེད་གནང་སོང། དེ་རིང་གི་གསར་འགྱུར་ཁག་ལ་བལྟས་ན་བཙན་བྱོལ་བོད་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་རྩིས་ཡོད་པ་འདྲ། རྗེས་སུ་ཡི་རང་ཡོད། བོད་གཞིས་ལུས་མི་དམངས་དང་ལྷག་པར་དུ་བོད་ཀྱི་དཔའ་རྟུལ་རྣམས་ནི་བཙན་བྱོལ་བོད་གཞུང་ལ་སྐུ་དྲིན་ཆེན་པོ་ཡིན་སྟབས་ངོ་རྒོལ་སྤེལ་འོས་པ་ཞིག་ཀྱང་རེད། ཡིན་ནའང་ད་བར་དུ་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་དང། བོད་གཞིས་ལུས་མི་མང་གི་སྙིང་སྟོབས་ལ་བསྟོད་བསྔགས་གནང་ཡོད་པ་མ་གཏོགས། བོད་གཞིས་ལུས་མི་དམངས་ཀྱི་རེ་འདོད་དང་མཐུན་པའི་སྲིད་ཇུས་ཤིག་སྤེལ་མེད། ལྷག་པར་དུ་བོད་རང་དབང་གི་ཆེད་དུ་རང་སྐུ་མེ་ལ་བསྒྲོན་པའི་ལས་འགུལ་གསར་པ་འདི་འདྲ་བྱུང་སྐབས་ཀྱང། བཙན་བྱོལ་བོད་གཞུང་གིས་ནུས་པ་ཡོད་ཚད་ངོ་རྒོལ་ལས་འགུལ་གྱི་ཕྱོགས་ལ་གཏོང་རྩིས་ཡོད་པ་ལས་དེའི་ནུས་པའི་ཆ་ཕྲ་མོ་ཙམ་ཡང་སྲིད་ཇུས་བཅོས་བསྒྱུར་གྱི་ཕྱོགས་ལ་གཏོང་རྩིས་ཡོད་པའི་མཚོན་རྟགས་ཅི་ཡང་མ་མཐོང།

ང་ནི་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་འདི་འགྱུར་བ་གཏོང་དགོས་ཟེར་མཁན་ཁྲོད་ཀྱི་གཅིག་ཡིན། དེར་རྒྱུ་མཚན་འགའ་ཡོད་ཀྱང་དེ་དག་ཕྱོགས་གཅིག་ཏུ་བསྡུས་ན་རང་སྲིད་རང་སྐྱོང་གི་སྲིད་ཇུས་ནི་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་མ་རེད་ཅེས་པ་དེ་ཡིན། བཙན་བྱོལ་བོད་གཞུང་ནི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་པ་རེད། བོད་ཀྱི་སྐུ་ཚབ་ཀྱིས་བོད་རྒྱ་ཆེའི་གཞིས་ལུས་མི་དམངས་ཀྱི་མངོན་འདོད་བསྒྲུབ་དགོས་པ་རེད་མ་གཏོགས། མངོན་འདོད་གཞན་པ་ཞིག་སྒྲུབ་པ་ཡིན་ན་སྐུ་ཚབ་ཏུ་མ་གྱུར་པ་རེད། ད་བར་དུ་བོད་རྒྱ་ཆེའི་གཞིས་ལུས་མི་དམངས་ནི་རྒྱ་ནག་གི་མནར་གཅོད་མྱོང་མཁན་དང། བཙན་བྱོལ་བོད་གཞུང་ནི་དྲིལ་བསྒྲགས་གནང་མཁན་ལྟ་བུར་གྱུར་ཡོད་པ་ནི་ང་ཚོ་ངོ་གནོངས་དགོས་པའི་གནས་ཤིག་ཡིན

བོད་གཞིས་ལུས་མི་དམངས་ཚོས་བོད་རང་དབང་གི་ཆེད་དུ་དུས་དང་དུས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་གནང་ཡོད། ལྷག་པར་དུ་ལོ་གཉིས་ཀྱི་གོང་ནས་བཟུང་བོད་དུ་རང་ལུས་མེར་བསྲེག་གི་མེ་ལྕེ་དམར་པོ་མཆེད་དང་མཆེད་མུས་ཀྱི་མུར་ཡོད། འདི་རྩ་ཆེན་པོ་རེད། འདི་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། བོད་གཞིས་ལུས་མི་དམངས་ཚོས་རྒྱ་ནག་གི་སྲིད་ཇུས་ལ་འདོད་པ་མ་ཁེངས་པར་བོད་རང་དབང་བརྩོན་ལེན་གྱི་ཐད་ལ་རང་ལུས་དྲོན་མོ་སྦྱིན་པ་གཏོང་གི་ཡོད། འདིས་ད་ལྟ་དང་མ་འོངས་པར་ཡང་བོད་མི་རིགས་ཀྱི་རྩ་དོན་འཛམ་གླིང་འདིའི་སྟེང་དུ་མཁྲེགས་པོར་གནས་འཇུག་ཐུབ། ཡང། བཙན་བྱོལ་བོད་གཞུང་གིས་བོད་གཞིས་ལུས་མི་དམངས་ཚོས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་བཞིན་པ་དང། བོད་རང་བཙན་ནི་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་ཡིན་པ་མཁྱེན་གྱི་ཡོད་ནའང། རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་ཡང་གློ་བུར་དུ་བསྒྱུར་ཆོག་ཆོག་མིན་སྟབས། དེ་ལ་རྒྱུ་མཚན་ཞིག་དགོས་ཤིང། ད་ཐེངས་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལས་ལྷག་གི་རྒྱུ་མཚན་གཞན་པ་ཞིག་ང་ཚོར་འདྲེན་རྒྱུ་མེད་སྟབས། འདི་རྩ་ཆེན་པོར་གྱུར་པའི་གནད་འགག་གཞན་པ་འདི་རེད།

ཕྱོགས་ངོས་གཞན་ཞིག་ནས་བཤད་ན། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་བཅོས་བསྒྱུར་གྱིས་བོད་རང་བཙན་གྱི་ལམ་དུ་ཕྱིན་ཚེ་དེས་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང། རྒྱལ་སྤྱིའི་རོགས་སྐྱོར། རྒྱ་ནག་གི་ངོས་ལེན་སོགས་ལ་དོ་ཕོག་གཏོང་བར་དགོངས་བཞེས་གནང་མཁན་ཡོད་ན་ནི། སྔོན་ཆད་དང་དེ་རིང་གི་གནས་སྟངས་མི་འདྲ་བ་མ་ཟད། དེ་རིང་གི་བོད་ནང་གི་གནས་སྟངས་ནི་ཆེས་ཛ་དྲག་པོ་དང་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད། ལྷག་པར་དུ་བོད་རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་ཡིན་དུས། བོད་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་སྲིད་ཇུས་གང་ཞིག་སྤེལ་ནའང། དེས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ཕམ་མི་སྲིད་ལ། བླ་སློབ་ཀྱི་འབྲེལ་བ་དང། ྋརྒྱལ་བ་རིན་པོ་ཆེའི་གཟི་བརྗིད་འཛམ་གླིང་འདིའི་སྟེང་ནས་རྩ་ཡལ་དུ་འགྲོ་མི་སྲིད། དེ་བཞིན་དུ་བོད་རང་བཙན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་དང་དཔལ་འབྱོར་སོགས་ཀྱི་ཐད་ལ་དོ་ཕོག་རྩ་ནས་གཏོང་གི་མེད་སྟབས། དྲང་བདེན་ལ་དགའ་བའི་མི་དག་གིས་འདས་པའི་དུས་སུའང་ང་ཚོར་རྒྱབ་སྐྱོར་གནང་བ་རེད་ལ། མ་འོངས་པར་ཡང་རྒྱབ་སྐྱོར་གནང་ངེས་རེད། འདི་ལ་དོགས་པ་རྣམ་རྟོག་གནང་མི་དགོས་པ་འདྲ། མ་འོངས་པར་རྒྱ་ནག་གིས་བོད་རང་བཙན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་རྒོལ་གཏམ་གཏོང་རྒྱུ་ཡིན་པ་ནི་གསལ་པོ་ཡིན་ནའང༌། དེ་ལ་ང་ཚོས་ཀྱང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གདོང་ལེན་བྱེད་དགོས་པ་མ་རེད་དམ།

ང་ཚོར་བཙན་བྱོལ་བོད་གཞུང་གིས་རང་བཙན་བརྩད་ནའང་གྲུབ་འབྲས་མ་བྱུང་བ་རེད་ཅེས་པའི་སྐད་ཆ་སྙིང་རྗེ་པོ་ཞིག་ཡོད།སྐད་ཆ་དེ་ནི་བདེན་པ་ཆ་ཚང་བ་ཞིག་མིན། ང་དགུ་ལོར་ང་ཚོ་བཙན་བྱོལ་བ་གྱུར་ནས་བདུན་བཅུ་དོན་དགུ་ལོའི་བར་དུ་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཡོད་ཚད་བཙན་བྱོལ་བོད་གཞུང་དང་དེའི་ལས་ཁུངས་མ་ལག་དང་བཅས་པ་འཛུགས་སྐྲུན་བྱེད་པའི་ཕྱག་ལས་སྟེང་དུ་ཤོར་ཡོད། སྐབས་དེར་ང་ཚོས་འདས་པའི་དུས་སུའང་བོད་རང་བཙན་ཡིན། མ་འོངས་པར་ཡང་རང་བཙན་དགོས་པའི་བསམ་བློའི་འོག་ཏུ་འགྲེངས་ཏེ་རང་བཙན་གླེང་བ་མ་གཏོགས་དོན་དངོས་སུ་ཐབས་ཤེས་ཡོད་ཚད་རྩལ་བཏོན་གྱིས་ཕྱག་ལས་གནང་མེད། ཕྱིས་སུ་བཙན་བྱོལ་བོད་གཞུང་འགྱེལ་ས་ནས་ལངས་ཐུབ་པའི་སྐབས་དེར་གློ་བུར་དུ་ལམ་དབུ་མ་ཞེས་པའི་སྲིད་ཇུས་འདིས་ཡོད་ཚད་ལ་གསར་བརྗེ་བྱས་ཡོད།

ད་ཐེངས་ཀྱི་བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལ་བརྟེན་ནས་ང་ཚོ་བོད་རང་བཙན་གྱི་ལམ་དུ་ཕྱིན་ནའང། མ་འོངས་པར་རང་བཙན་རེག་མི་རེག་གི་སྐོར་ལ་འདི་འདྲ་ཞིག་དྲན་བྱུང། རྒྱ་ནག་གིས་ང་ཚོར་རང་བཙན་ཕར་ཞོག བོད་རང་སྐྱོང་ཡང་ནམ་ཡང་སྤྲོད་མི་སྲིད། རྒྱ་ནག་གིས་ང་ཚོར་བོད་རང་སྐྱོང་སྤྲོད་པ་ལ་ཐོག་མར་ང་ཚོས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་པ་ཁས་ལེན་བྱ་དགོས་སྟབས། དོན་གྱི་རྩ་བ་འདི་ནས་འགག་ཚར་ཡོད། དེ་ལ་བསམས་ན་ད་ནི་ང་ཚོས་བོད་ཀྱི་རང་སྐྱོང་ལ་ངང་སྒུག་བྱེད་རྒྱུ་མེད་པ་འདྲ། གཙོ་བོ་རྒྱ་ནག་གི་འགྱུར་བ་དང། རྒྱ་ནག་ལ་ཕྱོགས་ཡོངས་ནས་འགྱུར་བ་ཞིག་ཐེབས་པ་ཡིན་ན་བོད་ཀྱི་གནད་དོན་ལའང་འགྱུར་བ་ཞིག་ཏན་ཏན་ཐེབས་རྒྱུ་ཡིན་པའི་ངེས་པ་མེད།

མི་ལུས་ནི་རིན་པོ་ཆེ་ཡིན་པ་ནི་སྨོས་མེད་ཡིན། ཡིན་ནའང་མི་ལུས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཏོང་མཁན་རྣམས་ནི་ངོ་མ་རླབས་ཆེན་རེད། ང་ཚོས་ཀྱང་རླབས་ཆེན་གྱི་དཔའ་རྟུལ་འདི་དག་གི་ལས་འགུལ་འདི་དག་གོ་སྐབས་དང་རྒྱུ་མཚན་ཅན་དུ་བགྲངས་ནས་བོད་རང་བཙན་གྱི་ལམ་དུ་འགྲོ་ཐུབ་ཚེ། འདིས་བོད་གཞིས་བྱེས་གཉིས་ཀྱི་བར་ལ་བླ་ན་མེད་པའི་ཆིག་སྒྲིལ་བཟོ་ཐུབ་པ་མ་ཟད། འདིས་བོད་གཞིས་ལུས་མི་དམངས་ཀྱི་ཐུགས་དགྱེས་ཤིང། ལྷག་པར་དུ་རྣམ་མཁྱེན་རྒྱལ་བའི་སར་གཤེགས་པའི་དཔའ་བོ་དཔའ་མོ་ཚོས་ཀྱང་ཕྱག་རྡེབ་གནང་ངེས་རེད། མདོར་ན་བོད་གཞིས་ལུས་མི་དམངས་ཀྱི་སེམས་ཤུགས་ཆགས་མི་ཆགས་དང། བཙན་བྱོལ་བོད་གཞུང་གནས་མི་གནས་ཀྱང་འདི་ལ་འབྲེལ་བ་ཡོད་སྟབས། བཙན་བྱོལ་བོད་གཞུང་གིས་ལས་འགུལ་གསར་པའི་རིགས་ཀྱི་དབུ་འཁྱུད་ཐོག་མ་འདི་ནས་བྲིས་ཏེ། ད་ལྟའི་བོད་མི་དམངས་སྤྱི་དང་མ་འོངས་བོད་ཀྱི་བུ་རབས་ཚ་བརྒྱུད་རྣམས་ཀྱི་ཆེད་དུ་མངོན་ལྐོག་མེད་པའི་དྲང་བདེན་གྱི་སྲིད་ཇུས་ཤིག་གནང་བར་འབོད་སྐུལ་ཞུ་བཞིན་ཡོད།

ལྔ་པ། ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་ཅིག་ལས་འཕྲོས་པའི་བསམ་ཚུལ།

ཉིན་ཤས་སྔོན་བདག་གིས་རྒྱ་རིགས་མཁས་པ་སྐུ་ཞབས་ཚའོ་ཁྲང་ཆིན་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ཅིག་སྟེ་“བོད་མིའི་རྨི་ལམ་ནི་རང་བཙན་ཡིན་”ཞེས་པ་ཞིག་སྐར་ཁུང་དྲ་བ་ལས་བཀོག་སྟེ་ཁ་བརྡ་དྲ་བར་བཀོད་པ་ཡིན། རྩོམ་ཡིག་དེ་ནི་རྒྱ་རིགས་མཁས་པ་ཞིག་གིས་རང་བཙན་རྩོད་དགོས་ཞེས་གསུངས་འདུག་པས། ང་ཚོས་ཀྱང་ངེས་པར་དུ་བོད་རང་བཙན་རྩོད་དགོས་ལྟ་བུའི་ཀུན་སློང་བཅངས་ནས་དྲ་ཐོག་ཏུ་བཞག་པ་མིན། རྩོམ་ཡིག་དེའི་ནང་དུ་དྲང་བདེན་དང་གནས་ལུགས་ཀྱི་ཆ་མང་པོ་ཡོད་པས་ང་ཚོས་དེ་ལ་དོ་སྣང་བྱས་ཏེ་བསམ་བློ་གཏོང་དགོས་པ་ཞིག་ཏན་ཏན་འདུག་དྲན་པ་རེད།

༡༩༩༥ ལོར་ཚའོ་ཁྲང་ཆིན་གྱིས་“བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་”ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་དེའི་ནང་དུའང་བོད་ནི་ཐང་རྒྱལ་རབས་དང། སུང། ཡོན། མིང་རྒྱལ་རབས་བཅས་ཀྱི་སྐབས་སུ་རྒྱ་ནག་གི་ཆ་ཤས་མིན་སྐོར་ལུང་དང་རིགས་པས་བསྒྲུབས་ཏེ་གསེད་བཀྲོལ་གནང་འདུག་པས། ཚའོ་ཁྲང་ཆིན་ནི་དྲང་བདེན་ལ་གཞོལ་བའི་མཁས་པ་ཞིག་དང། དུས་ཚོད་ཅི་ཙམ་འགོར་ཡང་ཁོང་གི་བོད་དོན་ལྟ་ཚུལ་དེ་རྟག་བརྟན་འགྱུར་མེད་ཅིག་རེད་འདོད་བྱུང།

བདག་གིས་ཁོང་གི་རྩོམ་ཡིག་དེ་དྲ་བར་བཀོད་རྗེས། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་“སྐུ་ཞབས་ཚོ་ཁྲང་ཆིང་ལྟ་བུའི་དྲང་བདེན་གྱི་བསམ་བློ་ཡོད་པ་དང་དྲང་བཤད་ཕོད་པའི་རྒྱ་རིགས་མཁས་པ་འདི་དག་དེང་སང་ངྷ་རམ་ས་ལས་མི་ཉེན་ཁ་ཅན་ལ་བརྩིས་ནས་འགོག་ཅི་ཐུབ་དང་གཡོལ་གང་ཐུབ་བྱེད་ཀྱིན་པའི་ཁར། ཁོང་ཚོ་རྒྱལ་བ་རིན་པོ་ཆེ་ལ་མཇལ་འཕྲད་ཀྱང་འགོག་བཞིན་པར་ཚང་མས་བསམ་ཚུལ་གསུང་རོགས།”ཞེས་མཆན་ཞིག་བཀོད་འདུག སྐབས་དེར་མཆན་དེར་དོ་སྣང་དེ་ཙམ་མ་བྱས་ཀྱང། དེ་དགོང་གཞི་ནས་བསམ་བློ་ཞིག་གཏོང་སྐབས་གལ་སྲིད་དོན་དག་འདི་བདེན་ཚེ་གནད་འགག་ཆེ་ཙམ་ཡོད་པར་སྣང། སྤྱིར་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་མཁས་པ་ཚོའི་ཁྲོད་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་ཞིག་སྟེ། དཔེར་ན་ཚའོ་ཁྲང་ཆིན་དང། ཡོན་ཧོང་པེན། ཁྲིན་པོ་ཁུང། ཐང་ཏིན་ཧོང། ཀྲོའི་རེའི་སོགས་མི་བཞི་བཅུ་ལྷག་ལས་མེད་ཀྱང། ཉུང་ཉུང་ཞིག་ཡོད་པ་འདི་ང་ཚོའི་གཟི་བརྗེད་རེད་ལ། བདེན་པའང་རེད།

འོན་ཀྱང་ངྷ་རམ་ས་ལའི་སྒྲིག་འཛུགས་ཀྱིས་དྲང་བདེན་ལ་དགའ་བའི་རྒྱ་རིགས་མཁས་པ་ཚོ་ཉེན་ཁ་ཅན་དུ་བརྩི་དོན་ག་རེ་ཡིན་ནམ། ཁོང་ཚོ་རྒྱལ་བ་རིན་པོ་ཆེ་ལ་མཇལ་འཕྲད་འགོག་མཁན་གྱི་བྱེད་པོ་དེ་སུ་ཡིན་ནམ། གནས་སྟངས་འདི་རྒྱལ་བ་རིན་པོ་ཆེས་མཁྱེན་ནམ། བདག་ལ་འདི་ལྟར་དྲི་བ་རེ་ཡོད་པར་གྱུར། རང་བཙན་གླེང་ན་མི་འདོད་པ་དང་རང་སྐྱོང་གླེང་ན་ངོ་སོ་ཡོད་པའི་གནད་དོན་འདི་ནི་ཡ་མཚན་རེད་ལ། དེ་ལས་ཚིག་གཞན་པ་ཞིག་བེད་སྤྱོད་བཏང་ན་“སྐྱི་གཡའ་བ་”ཞེས་པ་དེ་རེད། སྐྱི་གཡའ་བའི་གནད་དོན་འདི་ནི་ཕལ་ཆེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང། དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སོགས་ལ་འབྲེལ་བ་ཡོད་པས། ཚོར་བ་དང་ལྟ་གྲུབ་ཀྱི་ཐོག་ནས་ལས་ཀ་བྱེད་མཁན་གྱི་སྒྲིག་འཛུགས་དང་མི་དག་གིས་འདི་ལ་ངེས་པར་དུ་གསལ་བཤད་ཅིག་གནང་དགོས་པར་མཐོང།

བོད་རང་བཙན་གླེང་མཁན་གྱི་རྒྱ་རིགས་འདི་ཚོས་རང་བཙན་གླེང་བ་ཡིན་ན་འཐོབ་འབྲས་ཅི་ཡང་མེད་ཀྱང། ཁོ་ཚོས་དྲང་བདེན་དང་ཤ་ཚ་བའི་སྒོ་ནས་རྩོམ་ཡིག་སྤེལ་གྱིན་ཡོད། ཚའོ་ཁྲང་ཆིན་ལྟ་བུས་རང་བཙན་གླེང་བཞིན་དུ་རྒྱལ་བ་རིན་པོ་ཆེར་“ཏཱ་ལའི་བླ་མ་སྐུ་ཕྲེང་འདིའི་ཐུགས་གཤིས་དང། མི་ལ་ཁེངས་སྐྱུང་གུས་ཞབས་བྱེད་ལུགས། གཞན་ལ་ཐུགས་ཁུར་གནང་སྟངས། གཞུང་དྲང་ཟོལ་མེད། ཐུགས་དགོངས་ཡངས་ཤིང་སྤྲོ་སྣང་གིས་ཕྱུག་པ། ད་དུང་གཞན་དང་གསུང་བཤད་གནང་དུས་ཀྱི་འགུག་ཤུགས་སོགས་སུས་ཀྱང་ལད་ཟློས་བྱེད་མི་ཐུབ་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན། འདི་ལྟ་བུའི་འཛམ་གླིང་ཧྲིལ་པོར་མཚན་སྙན་ཁྱབ་ཅིང་ཀུན་གྱིས་དད་མོས་བྱེད་པའི་ཏཱ་ལའི་བླ་མ་ཞིག་མ་འོངས་པར་ཡོང་མི་སྲིད་་་།”ཅེས་གསུངས་འདུག སྤྱིར་བཏང་བཤད་ན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་མཁས་པ་འདི་ཚོར་བཀའ་དྲིན་ཞུ་འོས་ཤིང། གཟེངས་རྟགས་ཀྱང་སྤྲོད་དགོས་པ་ཞིག་ཆགས་ཡོད། འོན་ཀྱང་ལོ་ཁ་ཤས་ཀྱི་སྔོན་ལ་“བཙན་བྱོལ་བོད་གཞུང་”གིས་ཝང་ལི་ཞོང་ལྟ་བུར་སྣེ་ལེན་གྲ་རྒྱས་པོ་གནང་བ་མ་ཟད། རྒྱལ་བ་རིན་པོ་ཆེའི་རྗེས་སུ་འཁྲིད་དེ་བྱང་ཨ་རིར་ཕེབས་ནས་གཟེངས་རྟགས་སྤྲད་པ་མཐོང་བྱུང་ནའང། སྐབས་དེར་དྲང་བདེན་དང་གནས་ལུགས་ལ་གཞོལ་བའི་ཚའོ་ཁྲང་ཆིན་དང་ཡོན་ཧོང་པེན་སོགས་མཐོང་རྒྱུ་མེད། ཕྱོགས་གཞན་ཞིག་ནས་བཤད་ན། ལམ་དབུ་མར་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་རིགས་ཚང་མ་བོད་ལ་ཤ་ཚ་ཡོད་མེད་སུས་ཤེས། དགོས་མཁོ་ཞིག་ལ་རྐྱེན་བྱས་ཏེ་བོད་དོན་གླེང། དགོས་མཁོ་མེད་དུས་བོད་ཀྱི་བདེན་པ་འཁྱོག་བརྗོད་བྱས་ཡོད་པ་“བྱང་ཨ་རིའི་བོད་རྒྱ་མཛའ་འབྲེལ་གྱི་གསང་བ་”ལྟ་བུའི་རྩོམ་ཡིག་བཀླགས་ན་ཤེས་ནུས་པ་ཞིག་རེད།

སྐབས་རེར་བདག་གི་སེམས་ལ་རྒྱ་རིགས་ཚོའི་ནང་ན་ཁ་ཞེ་གཉིས་མེད་ཀྱི་ངང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཅི་ཙམ་ཡོད་མེད་དང། རྒྱ་རིགས་འདི་ཚོས་ལམ་དབུ་མར་རྒྱབ་སྐྱོར་བྱེད་དོན་ཅི་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཀྱང་འཁོར། དེ་ནི་གཅིག་བྱས་ན་རྒྱ་རིགས་ཚོར་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པས་ལོས་ཡིན། དེས་ན་ང་ཚོར་མི་རིགས་རིང་ལུགས་ཀྱི་ལྟ་བ་ཅི་ལ་མེད་པ་རེད། ལམ་དབུ་མའི་ལྟ་བ་ནི་རང་བདེ་གཞན་སྐྱིད་ཟེར་བ་བདེན་ཡང། ང་ཚོས་རྒྱ་རིགས་ཚོར་བོད་རྒྱལ་ཁབ་སྤྲད་ནས་སྐྱིད་པོ་ཅིའི་ཕྱིར་གཏོང་དགོས་འཇུག་པ་རེད། སྐབས་རེར་འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་ལམ་དབུ་མ་གླེང་བའི་སྟོབས་ཀྱིས་ལམ་དབུ་མའི་དྲི་མ་རྒྱ་རིགས་ཚོའི་སེམས་ལ་འགོས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་ཀྱང་སྐྱེས་བྱུང། གང་ལྟར་ཡང། ༡༩༧༨ ལོ་ནས་ང་ཚོས་རང་སྐྱོང་མ་གླེང་བར་ད་ལྟའང་རང་བཙན་གླེང་གི་ཡོད་ན། དོན་དངོས་སུ་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚའོ་ཁྲང་ཆིན་དང། ཡོན་ཧོང་པེན་ལྟ་བུའི་རྒྱ་རིགས་བཞི་བཅུ་ལྷག་ལས་མེད་པ་རེད་དམ། འདི་ལ་ཐུགས་གཟབ་གནང་དགོས་པར་མཐོང་ལ། མ་གཞི་ནས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་རང་བཙན་གླེང་མཁན་ཚོར་དགྲ་ལྟར་བརྩི་བ་འདི་ཕྱོགས་གཅིག་ནས་ང་ཚོའི་སྒྲིག་འཛུགས་ཆུང་ཆུང་དེ་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ཡིན་ལ། མ་གཞི་ནས་བླ་སྲོག་ཡལ་ཟིན་པའི་ང་ཚོའི་སྒྲིག་འཛུགས་ཀྱི་རུས་ཀོག་དེ་དག་ཀྱང་འཐོར་ལ་ཉེ་བའི་མཚམས་སུ་སླེབས་ཡོད་དོ།།

རྩོམ་འདི་༢༠༡༥ ལོར་ལྡི་ལིར་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གོ་སྒྲིག་པས་བཏོན་པས་རང་བཙན་དེབ་ལས་བཤུས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up