བོད་རང་བཙན་ནི་མི་རིགས་ཤིག་གི་ཚེ་སྲོག་ཡིན་པ་ལས་མི་ཐོག་གཅིག་གི་ཁེ་ཕན་ཡིན་མི་སྲིད།   

ཚེ་འབར།

རྒྱལ་གཅེས་ཀྱི་ལྷག་བསམ་རི་ལས་ཀྱང་དཔང་མཐོ་བའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ལྡི་ལིར་འཚོགས་སྐབས་ཚོགས་ཆེན་ལ་ཕེབས་པའི་འཐབ་གྲོགས་རྣམ་པར་གློ་སྙིང་བསྟན་པ།

ཁྱེད་ཅག་གི་བོད་རང་བཙན་སླར་གསོའི་དམིགས་ཡུལ་དང་ཆོད་སེམས་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་བླ་ན་མེད་པ་ཞུ་རྒྱུ་དང་།  གུས་པ་ཚོགས་ཆེན་འདི་ལ་དངོས་གཅར་བྱ་འདོད་ཤིན་ཏུ་ཆེ་ན་ཡང་ཕྲན་ལ་མགྲོན་བརྡ་འབྱོར་བའི་སྐབས་སུ་ཚོགས་ཆེན་འཚོགས་རྒྱུ་ལ་བདུན་ཕྲག་གཉིས་ལས་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་(Exit permit) ཕྱིར་ཐོན་ཆོག་མཆན་དང་ (return visa) ཕྱིར་ལོག་ཆོག་མཆན་སོགས་ཡིག་ཆ་མང་དག་ཅིག་གི་དཀའ་ངལ་ལ་བརྟེན། ད་ཐེངས་ཚོགས་ཆེན་འདི་ལ་དངོས་བཅར་མ་ཐུབ་པར་བློ་ཕམ་ཚད་མེད་སྐྱེ་བཞིན་ཡོད། སྤྱིར་བོད་རང་བཙན་ཟེར་བ་དེ་ནི་བོད་མི་རིགས་འཇིག་རྟེན་འདིའི་སྟེང་གནས་དང་མ་གནས་ཀྱི་ཚེ་སྲོག་ལྟ་བུར་གྱུར་བ་ཡིན་ཙང། དེར་དགོས་དང་མི་དགོས་འགྲིག་དང་མི་འགྲིག་ཟེར་ས་གང་ཡང་མེད་པ་རེད།

རྒྱུ་མཚན་དེར་བརྟེན་བོད་རང་བཙན་འཐབ་རྩོད་བྱ་རྒྱུ་དེ་ང་ཚོའི་ཐོབ་ཐང་ཡིན་པ་མ་ཟད་ཕྲག་ཏུ་བབ་པའི་འོས་འགན་ཡང་ཡིན། ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཁ་ཕྱོགས་སོགས་ལ་བལྟས་ན་བོད་རང་བཙན་ལ་རེ་བ་གཏན་ནས་མེད་པ་ལྟ་བུར་སྣང་སྲིད། སྐབས་འདི་འདྲ་ཞིག་ལ་བོད་རང་བཙན་བློས་གཏོང་རྩ་བ་ནས་བྱ་མི་རུང་། བོད་རང་བཙན་ནི་མི་རིགས་ཤིག་གི་ཚེ་སྲོག་ཡིན་པ་ལས་མི་ཐོག་གཅིག་གི་ཁེ་ཕན་ཡིན་མི་སྲིད། མི་ཐོག་འདིས་དཀའ་སྡུག་ཅི་ཙམ་ཞིག་མྱང་དགོས་བྱུང་ཡང་བོད་རང་བཙན་གྱི་འཐབ་རྩོད་འདི་མི་རབས་རྗེས་མར་རྩིས་སྤྲོད་ཏག་ཏག་བྱ་དགོས་པ་རེད།

འཛམ་གླིང་གི་ལོ་རྒྱུས་ནི་འགྱུར་བའི་རང་བཞིན་ལས་རྟག་བརྟན་གྱི་རང་བཞིན་ཞིག་ཡོང་མི་སྲིད་པ་རེད། རྒྱ་ནག་ནི་དེ་བས་ཀྱང་འགྱུར་ལྡོག་ལ་མྱུར་ཚད་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་དམར་ཕྱོགས་ཀྱི་སྲིད་དབང་སྒེར་འཛིན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཕམ་ཉེས་སུ་འགྲོ་བཞིན་པ་སྨོས་མ་དགོས་པ་ཞིག་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་མ་འོངས་པར་བོད་རང་བཙན་སླར་གསོའི་གོ་སྐབས་ཤིག་འབྱུང་བའི་སྐབས་སུ། བོད་རང་བཙན་གྱི་འཐབ་རྩོད་བློས་བཏང་ཚར་ཡོད་ན་ང་ཚོ་ནི་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་རྒྱུ་ལས་མ་འདས། ད་ལྟ་ང་ཚོའི་བཙན་བྱོལ་བོད་གཞུང་གིས་འཆད་བཞིན་པའི་ལམ་དབུ་མ་ལ་གྲུབ་འབྲས་ཤིག་ཐོབ་པའི་དབང་དུ་བཏང་ཡང་། བོད་རང་བཙན་ནི་མི་རྩོད་ཐབས་མེད་ཡིན། རང་དབང་དང་མང་གཙོ་ཇི་ལྟར་ལྡན་ཡང་མི་རིགས་ཤིག་མི་རིགས་གཞན་ཞིག་གིས་དབང་བསྒྱུར་འོག་ལ་ལོ་ངོ་སྟོང་ཕྲག་མང་པོ་འཚོ་གནས་མི་ཐུབ་པ་དེ་འཛམ་གླིང་གི་འདས་པའི་ལོ་རྒྱུས་ཀྱི་ཁ་གྲག་བསྡད་པ་ཞིག་རེད།

དཔེར་ན་དེང་སང་རང་དབང་དང་མང་གཙོ་ཚད་དང་ལྡན་པའི་ཨ་རི་དང་ཨོ་གླིང་ལྟ་བུར་མཚོན་ན་ས་དེ་གའི་གདོད་མའི་མི་རིགས་ནི་མིང་གི་ལྷག་མ་ལྟ་བུ་ལས་མེད་པ་རེད། ཨོ་གླིང་ལ་ཆ་མཚོན་ན་གཞུང་དང་ཚོགས་སྡེ་གང་འདྲ་ཞིག་ཡིན་ན་མཛད་སྒོ་ཆུང་ཆུང་ཞིག་ལས་མ་ཚུགས་རུང་གདོད་མིའི་རིགས་ཀྱི་རྒྱ་དར་བསྒྲེངས་ཏེ་བཀའ་དྲིན་རྗེས་དྲན་བྱ་སྲོལ་ཡོད་ན་ཡང་། དེ་ནི་ཕྱིའི་མཛེས་ཆོས་ཙམ་ལས་དོན་ངོ་མ་གདོད་མིའི་མི་རིགས་གྲོང་ཁྱེར་གྱི་ཉེ་སར་ལ་ཡོང་ཆོག་གི་མ་རེད། ད་དུང་ཁྱེད་ཚོ་སྡོད་ས་དེ་ང་ཚོས་སྤྲད་པ་ཡིན་པས། ཡག་པོ་མ་བྱས་ན་སྒོ་རྒྱག་གི་ཡིན་ཞེས་ཁྱད་གསོད་བྱས་པར་བརྟེན། ཁོང་ཚོས་སྐད་འབོད་རྒྱག་བཞིན་ཡོད་པ་འདི་མ་རེད་དམ། དབང་བསྒྱུར་ཡུལ་དང་བསྒྱུར་མཁན་གཉིས་མཉམ་གནས་བྱ་དགོས་བྱུང་ན་འཕྲལ་སེལ་ཙམ་རེ་དབང་བསྒྱུར་ཡུལ་ལ་ཁེ་ཕན་ཏོག་ཙམ་རག་སྲིད་ཀྱང་ཕུགས་ཀྱི་གྱོང་རྒུད་ཁོ་ན་ལས་མ་འདས།

རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་སྲིད་ཇུས་གདུག་རྩུབ་ཅན་དེ་མཚམས་འཇོག་བྱས་ཀྱང་རུང་། བོད་པ་ཚོ་རྒྱ་ནག་གི་འོག་ལ་གསོན་པོར་གཏན་ནས་གནས་མི་ཐུབ། བོད་པ་ནི་གྲངས་ཉུང་ཡིན་པ་དང་རྒྱ་ནག་ནི་གྲངས་མང་ཡིན་པའི་གནས་སྟངས་འོག་ནས། ཁོང་ཚོའི་སྐད་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཕྱོགས་ཡོང་ནས་བཙུར་ནན་བྱས་ཡོང་དུས། ང་ཚོའི་སྐད་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མི་ཐོག་ནས་མི་ཐོག་ལ་འཁྱེར་རྩ་བ་ནས་ཐུབ་ཀྱི་མ་རེད། འདི་ལྟར་བསམ་གཞིག་རེ་བྱས་ན་བོད་རང་བཙན་འཐབ་རྩོད་ནི་ངེས་པར་དུ་རྒྱུན་སྐྱོང་དགོས་ལ་རྒྱུན་སྐྱོང་བྱས་པ་དེའང་རྩ་བ་ནས་ནོར་མེད།

ང་ཚོས་ལམ་དབུ་མར་ངོས་ལེན་མ་ཐུབ་པའི་སྟེང་ནས་བོད་རང་བཙན་གྱི་འཐབ་རྩོད་རྒྱུན་སྐྱོང་བྱས་པ་དེས། རྒྱ་ནག་གཞུང་གིས་འཆད་བཞིན་པའི་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ཟེར་བ་དེར་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ཡོད། འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་ཅི་ལ་མིན་ཨང་།

ད་དུང་གནས་ཚུལ་གཞན་ཞིག་ཞུ་འདོད་བྱུང་བ་ནི་བཙན་བྱོལ་བོད་གཞུང་གི་སྐོར་རེད། ང་ཚོ་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་གཞུང་ནི་ནམ་ཡང་ང་ཚོའི་གཞུང་ལ་ངོས་འཛིན་བྱ་ཐུབ་དགོས། དེང་སང་ནི་བོད་པའི་སྤྱི་ཚོག་ཁྲོད་ན་བོད་རང་བཙན་དང་ལམ་དབུ་མ་ཟེར་ནས་ཕན་ཚུན་འགལ་ཟླའི་ངོ་བོར་གྱུར་ནས་ཧ་ཅང་གི་ཛ་དྲག་གི་གནས་སུ་ལྷུང་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ང་ཚོ་བཙན་བྱོལ་བོད་གཞུང་གི་ཁ་གཏད་དུ་འགྲོ་གཏན་ནས་མི་རུང་། བཙན་བྱོལ་བོད་གཞུང་གིས་འཛིན་པའི་དབུ་མའི་སྲིད་ཇུས་ལ་ངོས་ལེན་མེད་ཀྱང་ཆོག་མོད། བཙན་བྱོལ་བོད་གཞུང་ནི་རང་ཉིད་ཀྱི་གཞུང་ངོ་མ་དེ་ཡིན་པར་ངོས་ལེན་བྱེད་དགོས།

བཙན་བྱོལ་བོད་གཞུང་གི་སྡིངས་ཆའི་སྟེང་ནས་མི་བུ་རེ་ཟུང་གིས་མི་མང་གི་རྐུབ་སྟེགས་བེད་སྤྱོད་ལོག་པར་བཏང་སྟེ་བོད་རང་བཙན་འཐབ་རྩོད་ལ་ནག་བསུབ་གཏོང་གང་ཐུབ་བྱེད་ཀྱིན་ཡོད་པ་དེ་ནི། ཁོ་རང་མི་བུ་སྒེར་གྱི་མི་གཞི་ལས་བརྒལ་བའི་བྱ་སྤྱོད་ཙམ་ལས་བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་གང་གི་ནང་ལ་ཡང་མི་གསལ། བཙན་བྱོལ་བོད་གཞུང་དང་དབུ་མའི་སྲིད་ཇུས། བོད་རང་བཙན་གྱི་འཐབ་རྩོད། མི་བུ་སྒེར་བ་སོགས་སོ་སོར་བྱས་ཏེ་བལྟ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་སྙམ། བཙན་བྱོལ་བོད་གཞུང་གི་དབུ་མའི་སྲིད་ཇུས་འཛིན་པ་ཙམ་གྱི་བོད་རང་བཙན་གྱི་གཞུང་མ་ཡིན་པར་འགྱུར་ཐབས་རྩ་བ་ནས་མེད། བོད་གཞུང་ནི་བསྒྲིག་འཛུགས་ཤིག་ཏུ་འགྱུར་བ་མ་ཟད་ཁྱིམ་ཚང་ཞིག་ཏུ་འགྱུར་སོང་རུང་། ང་ཚོ་འདིའི་ཁ་གཏད་ནས་འདུག་རྩ་བ་ནས་མི་ཉན། ང་ཚོའི་འཐབ་རྩོད་ཀྱི་ཁུངས་ཤིག་འཁྱོལ་ན་མ་འཁྱོལ་ན་སྙན་གྲགས་ཅན་གྱི་ཏྭ་ལའི་བླ་མས་བཙུགས་བཞག་པའི་བཙན་བྱོལ་བོད་གཞུང་འདི་སྲ་བརྟན་ཡོད་མེད་ལ་ཐུག་ཡོད། རྒྱུ་མཚན་དེར་བརྟེན་བཙན་བྱོལ་བོད་གཞུང་ནི་རང་ཉིད་ཀྱི་ཁོག་པའི་སྙིང་དང་དབྲལ་བའི་མིག་བཞིན་གཅེས་ན་འགྲིག་སྙམ།

 

ཕྱི་ལོ་༢༠༡༥ ཟླ་ ༥ ཚེས་ ༢༢ ཉིན་སྙུག་མིང་ལ་ཚེ་འབར་དང་དངོས་མིང་ལ་བསྟན་པ་དར་རྒྱས་འབོད་པས་བྲིས་པའོ།།

1 Comment. Leave new

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up