དབུ་མའི་ལམ་དང་རང་བཙན་གྱི་གདམ་ཀ་དེ་“གདམ་ཀ་མེད་པའི་གདམ་ཀ་”ཞིག་རེད།

2014 ཟླ་བ་ 08 ཚེས 16 3:23 pm
འབུམ་རམས་པ་ཚེ་རིང་སྟོབས་རྒྱལ་ལ་ཁོང་གི་ཞིབ་འཇུག་དང་འབྲེལ་བའི་སྐོར་ལ་བཅར་འདྲི།

དྲི་བ། ཁྱེད་ཀྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་རོགས།
ལན། ངའི་མིང་ལ་ཚེ་རིང་སྟོབས་རྒྱལ་དང། སྐྱེས་ས་བོད་ཀྱི་སྟོད་དིང་རི་རེད། ༡༩༨༣ ལོར་བོད་ནས་རྒྱ་གར་དུ་ཡོང་བ་དང། བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་རྗེས། ཨ་རིར་སོང་སྟེ་གཙུག་ལག་རམས་འབྱམས་པའི་སློབ་སྦྱོང་བྱས། སྐབས་དེར་སྲིད་དོན་ཚན་རིག་དང་། རྒྱལ་སྤྱིའི་འབྲེལ་ལམ། རྒྱ་ནག་གི་ཆབ་སྲིད་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། ༢༠༠༣ ལོར་དབྱིན་ཡུལ་དུ་སོང་ནས། ལོན་ཌོན་གཙུག་ལག་སློབ་གྲྭའི་(London School of Economics) ནང་འབུམ་རམས་པའི་སློབ་སྦྱོང་བྱེད་འགོ་བཙུགས་ཏེ། ༢༠༡༢ ལོར་འབུམ་རམས་པའི་སློབ་སྦྱོང་མཐར་ཕྱིན་རྗེས་དབྱིན་ཡུལ་གྱི་སློབ་གྲྭ་ཆེན་མོའི་སྡེ་ཚན་(Royal Holloway, University of London) ནང་དུ་རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱ་ནག་གི་ཕྱི་སྲིད་སྐོར་ལ་སློབ་ཁྲིད་བྱས་པ་ཡིན། ༢༠༡༣ ནས་དབྱིན་ཡུལ་གྱི་སློབ་གྲྭ་ཆེན་མོ་(University of Birmingham) རུ་རྒྱལ་སྤྱིའི་འབྲེལ་ལམ་དང་། ཨེ་ཤི་ཡའི་ཆབ་སྲིད་དང་བདེ་འཇགས་སོགས་ཀྱི་སྐོར་སློབ་ཁྲིད་བྱེད་མུས་ཡིན།

དྲི་བ། ཁྱེད་ཀྱིས་འབུམ་རམས་པའི་སློབ་གཉེར་སྐབས་ཞིབ་འཇུག་བྱེད་ས་གཙོ་བོ་ག་རེ་རེད་དམ།
ལན། འབུམ་རམས་པའི་སློབ་སྦྱོང་སྐབས་གཙོ་བོ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྐོར་ལ་ཞིབ་འཇུག་བྱས་ཏེ། དཔྱད་དེབ་བྲིས་པ་ཡིན། དཀའ་རྙོག་དེ་ལ་རྒྱལ་སྤྱིའི་འབྲེལ་ལམ་གྱི་ནང་གསེས་བདེ་འཇགས་རིག་པའི་ལྟ་ཕྱོགས་ནས་དཔྱད་ཞིབ་བྱས་པ་ཡིན།

དྲི་བ། བོད་རྒྱ་གཉིས་ཀྱི་འབྲེལ་བའི་སྐོར་ལ་གཟིགས་སྟངས་ག་འདྲ་ཡོད།
ལན། བོད་རྒྱ་ཕན་ཚུན་གཉིས་ཀྱི་ལོ་རྒྱུས་ཀྱི་ཐོག་དང་། དེང་སྐབས་ཨེ་ཤི་ཡའི་ཆབ་སྲིད་འཕེལ་རིམ། རྒྱ་ནག་ནང་དང་བོད་པའི་སྤྱི་ཚོགས། འཛམ་གླིང་གི་ཆབ་སྲིད་འཕེལ་རིམ་མང་པོ་ལ་བརྟེན་ནས། ཕན་ཚུན་གཉིས་ཀར་ཞེད་སྣང་དང་ཐེ་ཚོམ་མང་པོ་ཞིག་ཡོད་པ་རེད། དེ་ལ་བརྟེན་ནས་རྒྱ་ནག་གིས་བོད་ཀྱི་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་རེད། བོད་ཀྱི་ཕྱོགས་ནས་འཐབ་རྩོད་བྱེད་སྟངས་དང་གྲོས་མོལ་བྱེད་སྟངས་གང་ལ་བལྟས་ཀྱང་། ཕན་ཚུན་གཉིས་ཀས་གུ་ཡངས་བྱེད་མ་ཐུབ་པ་ལྟ་བུ་རེད། གུ་ཡངས་བྱེད་མ་ཐུབ་པ་དེ་ཡང་གཅིག་པ་མ་རེད།  བོད་ཕྱོགས་ནས་གུ་ཡངས་ཆེ་བ་བྱས་ཡོད་པ་གསལ་པོ་རེད་ལ། རྒྱ་ཕྱོགས་ནས་གུ་ཡངས་བྱེད་མ་ཐུབ་པ་དང། བོད་པའི་ཕྱོགས་ནས་གུ་ཡངས་བྱེད་རྒྱུའི་མཐའ་ལ་སླེབས་ཏེ། དེ་ལས་ལྷག་པ་བྱེད་མ་ཐུབ་པའི་གནས་སུ་ཡོད་པ་རེད། དེ་ལས་ལྷག་བྱེད་མི་ཐུབ་པ་མ་འོངས་པའི་སྐོར་ལ་ཞེད་སྣང་དང་ཐེ་ཚོམ་བྱས་ཏེ། ཕྱོགས་གཉིས་ཀ་འགག་བསྡད་ཡོད་པ་རེད།

དྲི་བ། བོད་ཀྱི་དཀའ་ངལ་སེལ་ཆེད་དུ་ཐབས་ལམ་གཙོ་བོ་ག་རེ་དགོས་པ་རེད་དགོངས་ཀྱི་འདུག
ལན། འཛམ་གླིང་ཐོག་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དང་།  མི་རིགས་དང་མི་རིགས་ཀྱི་བར་དམག་ག་ཚོད་བརྒྱབ་ཀྱང་། མཐའ་མ་དེར་གྲོས་མོལ་གྱི་ལམ་ནས་གཞི་མཐུན་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། བོད་རྒྱའི་བར་དུ་ཡང་མཐའ་མ་དེར་གྲོས་མོལ་གྱིས་ཐག་གཅོད་དགོས་པ་གསལ་པོ་རེད། དེའི་སྔོན་ལ་བྱེད་དགོས་པ་མང་པོ་ཡོད་རེད། བོད་པའི་ད་ལྟ་བྱེད་བཞིན་པ་རང་བཙན་རྩོད་མཁན་ཚོས་རྩོད་དགོས་པ་དང་། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོས་ངོ་རྒོལ་བྱེད་དགོས་པ་རེད། དེ་བཞིན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་ལ་འབྲེལ་ལམ་ཡོང་ཐབས། རྒྱ་མི་རིགས་ལ་འབྲེལ་བ་བྱེད་པ། རྒྱལ་སྤྱིའི་ཐོག་རོགས་སྐྱོར་འཚོལ་བ་དེ་ཚོ་མུ་མཐུད་དུ་བྱེད་དགོས་པ་རེད། ད་ལྟ་དོན་དག་འགྲུབ་ཀྱི་ཡོད་པ་མ་རེད། རྒྱ་ནག་གི་སྟོབས་ཤུགས་དང་། ནང་འགལ་གྱི་ཆབ་སྲིད་ལམ་ལུགས། རྒྱ་ནག་གི་དཔོན་རིགས་ཚོའི་བསམ་བློ་གཏོང་སྟངས་དེ་ཚོ་གུ་དོག་པོ་དང་། མཁྲེགས་འཛིན་ཆེན་པོ་རེད། བོད་ཀྱི་གནད་དོན་གཅིག་པུ་མ་རེད། རྒྱ་ནག་གི་ཆབ་སྲིད་སྐོར་དང་། རྒྱལ་སྤྱིའི་ཐོག་ནས་ཁོང་ཚོར་ཞེད་སྣང་མང་པོ་ཡོད་པ་རེད། ཡིན་ཡང་འགྱུར་བ་འགྲོ་ཡི་ཡོད་པ་རེད། རྒྱ་ནག་རིག་གནས་གསར་བརྗེའི་རྗེས་ནས་རང་དབང་ལ་ཁ་ཕྱོགས་ཀྱི་ཡོད་པ་རེད། མགྱོགས་ཚད་དེ་ང་ཚོའི་འདོད་པ་ཁེངས་པ་ཞིག་ཡོང་གི་ཡོད་པ་མ་རེད། ཉིན་གཅིག་རྒྱ་ནག་གི་ཆབ་སྲིད་འགྱུར་བ་དང་། གོ་སྐབས་དེ་འདྲ་ཡོང་སྲིད་པ་རེད། དེའི་སྐབས་ད་ལྟ་ང་ཚོས་བྱས་བསྡད་པའི་འབྲས་བུ་དེ་སྨིན་པའི་རེ་བ་ཡོད་པ་རེད།

དྲི་བ། ཁྱེད་རང་ལ་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་དམིགས་བསལ་གྱིས་ནུས་ཤུགས་འདོན་ས། ས་གནས་མི་རིགས་རང་སྐྱོང་དང་། རང་བཙན་རྩོད་པ། རང་ཐག་རང་གཅོད་སོགས་ཀྱི་སྐོར་ལ་ལངས་ཕྱོགས་ཡོད་དམ། 
ལན། ངས་དྷ་རམ་ས་ལར་གཏམ་བཤད་ཁག་ཅིག་བྱས་པ་རེད་ལ། དེ་བཞིན་དབྱིན་ཡུལ་སོགས་གང་དུ་འདུ་འཛོམས་བྱས་ཀྱང། དབུ་མའི་ལམ་དང་རང་བཙན་གྱི་གདམ་ཀ་དེ་“གདམ་ཀ་མེད་པའི་གདམ་ཀ་”(False Choice) ཞིག་རེད་བཤད་ཀྱི་ཡོད། གདམ་ཀ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟའི་བོད་ཀྱི་གནས་སྟངས་སྐྱོ་པོ་དེ་དང་བསྡུར་ན། རང་བཙན་དང་རང་སྐྱོང་ག་རེ་ཐོབ་ཀྱང་བཀྲ་ཤིས་བདེ་ལེགས་ལབ་དགོས་རེད། རང་བཙན་མ་བྱུང་ནའང་། རང་སྐྱོང་ཞིག་ཐོབ་ན་བོད་མིའི་ངོ་བོ་ཡར་རྒྱས་སོགས་ཕྱོགས་གང་ཐད་ནས་ད་ལྟ་ལས་ཡག་གི་རེད། དེ་གཉིས་བར་ལ་ངས་ཡག་སྡུག་ཅིག་མཐོང་གི་མི་འདུག གང་དེ་མགྱོགས་པོ་འགྲུབ་རྒྱུར་རེ་བ་ཆེ་བ་ཡོད་པ་རེད་ཟེར་ན། དབུ་མའི་ལམ་རྩོད་མཁན་ཚོས་རང་སྐྱོང་གི་གནས་བབས་བསྒྲུབ་རྒྱུར་རེ་བ་ཆེ་བ་ཡོད་ཟེར་གྱི་ཡོད་རེད། ཡིན་ཡང་ངས་དེ་ལ་རེ་བ་ཆེ་བ་མཐོང་གི་མི་འདུག ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བློ་གཏོང་སྟངས་དང་། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བལྟས་ན། དབུ་མའི་ལམ་གྱི་ཐོག་ནས་རང་སྐྱོང་རྩོད་ཀྱི་ཡོད་པ་དེ་ཁོང་ཚོར་སྤྲོད་རྒྱུའི་འདོད་པ་ཡོད་པ་མ་རེད། སྤྲོད་རྒྱུར་ཆབ་སྲིད་ཀྱི་ཐོག་ནས་བློ་ཁོག་ཅིག་དགོས་པ་རེད། ཁོང་ཚོར་དེ་ཡོད་པ་མ་རེད། དེར་བརྟེན་འགྲུབ་རྒྱུའི་རེ་བ་ལ་ཆེ་ཆུང་མེད་པས། དེ་གཉིས་གདམ་ཀ་མེད་པའི་གདམ་ཀ་ཞིག་རེད། དབུ་མའི་ལམ་དང་རང་བཙན་གྱི་དམིགས་ཡུལ་དེ་ན་ཚ་ལྟ་བུ་ཡིན་ན། ཁག་མ་འདྲ་བ་གཉིས་ལ་བཅོས་ཐབས་ཀྱི་སྨན་ལྟ་བུ་དང་། འཕྲལ་དང་ཕུགས་ཀྱི་དམིགས་ཡུལ་མ་འདྲ་བ་གཉིས་ཀྱི་ལངས་ཕྱོགས་རེད། གཉིས་ཀ་གལ་ཆེན་པོ་རེད། དབུ་མའི་ལམ་དེ་ད་ལྟའི་བོད་ནང་ཛ་དྲག་གི་དཀའ་ངལ་དེ་སེལ་ཐབས་དང་། རང་བཙན་དེ་ལོ་བཅུ་ཕྲག་ཁ་ཤས་དང་བརྒྱ་ཕྲག་ཁ་ཤས་རྗེས་འཛམ་གླིང་ནང་དང་ཨེ་ཤི་ཡའི་ནང་འགྱུར་བ་འགྲོ་སྲིད་པ་རེད། དེ་དུས་བོད་པ་ལ་རང་སྐྱོང་ལས་ཚད་མཐོ་བ་རྩོད་རྒྱུའི་གོ་སྐབས་ཡོད་སྲིད་པ་རེད། དེའི་སྐབས་རང་བཙན་དེ་བོད་མིའི་བསམ་བློ་ནས་མཐར་སྤྲོད་བཏང་ཟིན་ཡོད་ན་འགྲིག་གི་མ་རེད། གོ་སྐབས་ཡོད་ཀྱང་ལེན་མཁན་མེད་པ་ཆགས་རྒྱུ་རེད། གཉིས་ཀ་རྩོད་རྒྱུའི་ཆབ་སྲིད་ཀྱི་ཁོར་ཡུག་དང་རང་དབང་དེ་དགོས་པ་རེད།

དྲི་བ། བཙན་བྱོལ་བོད་མིའི་མང་གཙོ་ཚད་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ལན། ངས་མང་གཙོའི་སྐོར་ལ་སློབ་སྦྱོང་བྱས་པ་རེད་ལ། སློབ་ཁྲིད་ཀྱང་བྱེད་ཀྱི་ཡོད་པ་རེད། མང་གཙོ་ཟེར་བ་དེར་འགྲེལ་བཤད་རྒྱག་དུས། མང་གཙོའི་གནས་ཚད་ཐོག་ནས་སྐད་ཆ་བཤད་ན། རིམ་པ་དང་པོ་མང་གཙོ་བཅོས་བསྒྱུར་བྱུང་ནས་ལོ་བཅུ་ཙམ་གྱི་རིང་ལ་མང་གཙོ་གནས་པ་དང་། གཉིས་པ་དེ་མང་གཙོའི་སྒྲིག་འཛུགས་ཚགས་ཚུད་དང་ཆ་ཚང་པོ་བཟོ་དགོས་པ་རེད། མང་གཙོའི་ནང་འོས་བསྡུ་དང། རྩ་ཁྲིམས། སྨྲ་བརྗོད་རང་དབང་སོགས་མང་པོ་ཚང་དགོས་རེད། རིམ་པ་གསུམ་པ་མང་གཙོ་སྲ་བརྟན་གནས་ཆེད་དུ་ལས་ཀ་བྱེད་དགོས་པ་རེད། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་དེ་མང་གཙོ་བཅོས་བསྒྱུར་གྱི་གནས་ཚད་ཅིག་རེད། མང་གཙོ་ཆ་ཚང་བ་དང་། ཚད་དང་ལྡན་པ་ཞིག་མ་རེད། ད་ལྟ་ང་ཚོར་འོས་བསྡུ་དང་མང་གཙོའི་ཀ་བ་གསུམ་ཡོད་པ་རེད། སྤྱིར་བཏང་མང་གཙོའི་ནང་མི་ཚང་མར་འོས་བསྡུའི་ནང་འཛུལ་རྒྱུའི་རང་དབང་དང་ཆ་རྐྱེན་ཡོད་དགོས་པ་རེད། འོས་བསྡུའི་ལས་འགུལ་སྤེལ་རྒྱུར་རང་དབང་འདྲ་མཚུངས་དང་། སོ་སོའི་ལྟ་བ་ལངས་ཕྱོགས་མི་མང་ལ་བཤད་ཆོག་པ། དེའི་ཆེད་དུ་འདུ་འཛོམས་དང་ཚོགས་པ་སྐྱིད་སྡུག་འཛུགས་རྒྱུ་སོགས་ཀྱི་རང་དབང་ཆ་ཚང་དགོས་རེད། ང་ཚོའི་མང་གཙོ་དེ་མང་གཙོ་བཅོས་བསྒྱུར་སྐབས་ཡིན་པས། དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད།

དྲི་བ། ཆབ་སྲིད་སྐོར་གྱི་དྲི་བ་དེ་ཙམ་ཡིན། བོད་མི་ཚོའི་སློབ་སྦྱོང་བྱེད་སྟངས་དང་ཁ་ཕྱོགས་ལ་ག་འདྲ་གཟིགས་ཀྱི་ཡོད།
ལན། སྤྱིར་བཏང་བོད་པ་སོ་སོས་སློབ་སྦྱོང་བྱེད་སྟངས་དང་། སློབ་གྲྭ་དང་འཛིན་སྐྱོང་། ཕ་མའི་སློབ་གསོ་གང་ལ་བལྟས་ཀྱང་། སློབ་སྦྱོང་བྱེད་དགོས་པ་དེ་ལས་ཀ་མགྱོགས་པོ་རག་རྒྱུ་དང་། ལས་ཀ་ཡག་པོ། གླ་ཆ་མཐོན་པོ་རག་ཆེད་ཙམ་རེད་མ་གཏོགས། སོ་སོ་སློབ་སྦྱོང་ལ་དགའ་བ་དང་། སློབ་ཚན་གྱིས་ཡིད་དབང་ཕྲོགས་ནས་སློབ་སྦྱོང་བྱེད་མཁན་སྔོན་མ་དཀོན་པོ་རེད། ད་ལྟའང་དེ་འདྲ་མིན་ནམ་བསམ་གྱི་འདུག  ང་ཚོ་རྒྱ་གར་གྱི་སྤྱི་ཚོགས་ནས་ཟུར་དུ་ཐོན་ནས་བསྡད་ཡོད་པ་རེད་ལ། བོད་ཁྱིམ་སློབ་མ་དེ་ཚོར་དཔེ་བཞག་ན་ཟླ་བ་རེར་ཐེངས་གཅིག་རེ་ལས་སློབ་གྲྭའི་ཕྱི་ལ་འགྲོ་ཆོག་གི་མ་རེད། དཔེ་མཛོད་ཀྱི་མཐུན་རྐྱེན་ཡོད་པ་མ་རེད། དེབ་རྐང་ཁ་ཤས་ཡོད་པ་དེ་ཡང་ཀློག་མཁན་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ཚད་འཛིན་དང་བསྡུར་ས་ཡོད་པ་མ་རེད། ང་སྔོན་མ་དྷ་སྟེང་བོད་ཁྱིམ་ནས་སྦེལ་ཀོབ་བོད་ཁྱིམ་ལ་བཏང་བ་རེད། སློབ་གྲྭ་ཆུང་ཆུང་དེའི་ནང་གཟེངས་སུ་ཐོན་པ་དང་། བརྒྱ་ཆ་མཐོན་པོ་འདྲ་རག་ན།  ཞེ་དྲག་ཡག་པོར་བརྩི་བ་ལས། དེ་ལས་ལྷག་བོད་ཁྱིམ་སློབ་གྲྭ་ཁག་གཞན་ལ་བསྡུར་རྒྱུའི་བསམ་བློ་ཡོད་པ་མ་རེད། བོད་པའི་སློབ་གྲྭ་ཚང་མའི་ནང་ཨང་དང་པོ་རག་ན་འདོད་པ་ཁེངས་པ་ལས། ཡང་དེ་ལས་རྒྱ་གར་གྱི་སློབ་མ་ཚོས་བརྒྱ་ཆ་ག་ཚོད་བླངས་འདུག་ལ་བསྡུར་གྱི་ཡོད་པ་མ་རེད། རྒྱ་གར་ལས་ལྷག་རྒྱལ་སྤྱིའི་ཐོག་ལ་བསྡུར་རྒྱུའི་བསམ་བློ་ཡོད་པ་མ་རེད།  སོ་སོར་སློབ་སྦྱོང་བྱེད་འདོད་དགོས་པ་དང་ཚད་འཛིན་ས་མཐོན་པོ་ཞིག་དགོས་པ་རེད།

དྲི་བ། ཁྱེད་རང་རྒྱ་གར་ནང་རྒྱུན་རིང་འདུག་མྱོང་བ་དང་། དེ་རྗེས་ཕྱི་རྒྱལ་དུ་སོང་ནས་རྒྱུན་རིང་བསྡད་པ་རེད། ད་ལྟ་དྷ་སར་སླེབས་དུས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་འགྱུར་བ་ཆེ་ཤོས་ག་རེ་མཐོང་སོང་།
ལན། ཕྱི་ལ་བལྟས་ན་དངོས་པོའི་འཛུགས་སྐྲུན་ཡག་པོ་བྱུང་འདུག ཁང་པ་དང་ཚོང་ཁང་མང་དུ་སོང་འདུག མི་མང་པོ་ཆགས་འདུག ཡིན་ཡང་སྔོན་མ་དྷ་ས་མེག་ལོར་གྷན་ཇི་ལ་མཚོན་ན། བོད་པ་མང་པོ་ཡོད་པ་དང་། ཚོང་ཁང་དང་ཟ་ཁང་བོད་པས་བཟུང་ཡོད་པ་རེད། ང་ཚོ་ཕྱི་ལ་མང་པོ་སོང་ནས་བོད་པ་ཉུང་དུ་སོང་བ་དང་། ད་ལྟ་རྒྱ་གར་དེ་ཚོས་གོ་སྐབས་བླངས་ནས། ཚོང་ཁང་ཟ་ཁང་ཚང་མ་བཟུང་འདུག སྤྱིར་བཏང་ཁོ་རང་ཚོའི་ས་ཆ་ཡིན་པས། དེ་རང་བཞིན་རེད།  ཕྱིའི་མཐོང་ཚུལ་དེ་འདྲ་ཞིག་རེད། བོད་པའི་ཆབ་སྲིད་ཐོག་བསམ་བློ་བཏང་ན། གུ་དོགད་པོ་ཆགས་ཡོད་པ་ལྟ་བུ་འདུག  སྔོན་མ་ཡིན་ན་རང་བཙན་རྩོད་མཁན་དང་དབུ་མའི་ལམ་རྩོད་མཁན་ཚོའི་བར་དེ་ཙམ་ཤོག་ཁག་ཡོད་པ་མ་རེད། དཔེར་ན། ༡༩༩༦ ལོོར་ང་ཨ་རིར་འགྲོ་གྲབས་ཡོད་སྐབས། གཞོན་ནུ་ཚོགས་པའི་གོ་སྒྲིག་འོག བོད་གཞུང་གི་བསྟི་གནས་བོད་ཀྱི་དཔེ་མཛོད་ཁང་དུ་བགྲོ་གླེང་ཞིག་འཚོགས་པ་རེད། དེའི་སྐབས་སྐད་ཆ་བཤད་མཁན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བོད་གཞུང་གི་ལས་བྱེད་དང། དེ་བཞིན་ལྷ་བཟང་ཚེ་རིང་དང། འཇམ་དབྱངས་ནོར་བུ་སོགས་ཀྱིས་ཅོག་ཙེ་གཅིག་གི་ཐོག་སོ་སོའི་བསམ་ཚུལ་དང་ལངས་ཕྱོགས་བཤད་ཆོག་གི་ཡོད་པ་རེད། ད་ལྟ་དེ་འདྲ་མེད་པ་ལྟ་བུ་འདུག དབུ་མའི་ལམ་རྩོད་མཁན་ཚོ་སོ་སོར་སྐད་ཆ་བཤད། རང་བཙན་རྩོད་མཁན་ཚོ་ཟུར་དུ་ཐོན་ནས་ཁེར་རྐྱང་འདུ་འཛོམས་བྱེད་ཀྱི་ཡོད་པའི་མཐོང་ཚུལ་བྱུང་། ཚང་མ་བོད་རིགས་སྤུན་ཟླ་ཡིན་པ་དང་། སྙིང་ཉེ་པོའི་ཐོག་ནས་བགྲོ་གླེང་བྱེད་རྒྱུའི་ཁོར་ཡུག་དེ་མེད་པ་ཆགས་པ་འདྲ།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up