པོ་ཏཱ་ལ། ང་ཚོའི་རེ་སྤོབས་དང་མིག་ཆུའི་རྡོ་རིང་ཡིན།

དེ་རིང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་བྷི་ཁཱོན་གསོལ་མགྲོན་ཁང་མདུན་དུ་བོད་མི་ཚོས་དད་འདུན་གཡོ་བ་མེད་པར།  ༧གོང་ས་མཆོག་ཕེབས་སྐྱེལ་ཕེབས་སྒུག་གི་མི་ཚོགས་འདི་བཞིན། པོ་ཏཱ་ལའི་མདུན་གྱི་ཕེབས་སྒུག་ཅིག་ཡིན་ན་ཅི་མ་རུང་སྙམ་པའི་ཚོར་འདུའི་ཀློང་ནས་ངས་དེ་རིང་ཕོ་བྲང་པོ་ཏཱ་ལ་དྲན་བྱུང།

པོ་ཏཱ་ལ། བཙན་པོ་སྲོང་བཙན་གྱིས་བོད་ཁམས་གཅིག་གྱུར་མཛད་པའི་ཐུགས་སྟོབས་དང་མངའ་ཐང་ཡུལ་ཡར་ཀླུང་ནས་འདི་རུ་འབུས་ཤིང། གངས་ལྗོངས་གཅིག་སྒྲིལ་གྱི་བཙན་པོའི་དབུ་འཕང་འདི་ནས་དར། པོ་ཏཱ་ལ། ཁྱེད་ནི་ང་ཚོའི་སྙིང་སྟོབས་དང་ཆིག་སྒྲིལ་གྱི་ཕ་མཁར་སྨུག་པོ་ཡིན།

རྒྱ་བཟའ་བོད་ལ་བཙུན་མོར་མ་སྤྲད་ན། རྒྱ་ནག་དྲག་འདུལ་བྱ་རྒྱུའི་བློན་ཆེན་མགར་གྱིས་རྔམས་བརྗིད་ལྡན་པའི་དཔའ་གཏམ་རིང་མོ་དེ་ཉིད། པོ་ཏཱ་ལའི་འདུ་ར་ནས་ཐང་གོང་མའི་ཕོ་བྲང་བར་དུ་བསྒྲགས་ཤིང་རྒྱ་བཟའ་ཀོང་ཇོ་སྟོབས་ཀྱིས་བླངས།

བློན་ཆེན་སྟག་སྒྲ་ཀླུ་གུང་གིས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་དབང་དུ་བསྡུས་པའི་དཔའ་བོའི་ཆེ་བསྟོད་ཀྱི་རྡོ་རིང་ད་ལྟ་ཡང་ཁྱེད་ཀྱི་མདུན་ན་འགྱིངས་ངེར་གནས་ཡོད། པོ་ཏཱ་ལ། ཁྱེད་ནི་ང་ཚོའི་དཔའ་སྟོབས་དང་བོད་རང་བཙན་གྱི་མཚོན་རྟགས་གསོན་པོ། ནུབ་རྒྱ་གར་གྱི་ཆུ་མོ་གངྒཱ་དང། ཤར་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བར་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྟ་དམག་གི་རུ་དཔུང་པོ་ཏཱ་ལའི་མཁར་སྒོ་ནས་ཆས་པའི་དམག་རྟའི་རྨིག་སྒྲ་ད་ལྟ་ད་དུང་ཡང་ཁྲག་ཁྲག་་་་་ཁྲག་ཁྲག་་་་་་ཅེས་ལོ་རྒྱུས་ཀྱི་ཤོག་གསེབ་ནས་ང་ཚོའི་རྣ་བར་གསལ་པོར་ཐོས་བཞིན་འདུག པོ་ཏཱ་ལ། ཁྱེད་ནི་གངས་རིའི་རྟ་དམག་གི་ཟིལ་ཤུགས་དང་བརྗིད་ཉམས་མངོན་པའི་ལ་རྒྱའི་མཁར་སྒོ་ཡིན།

ལྷ་སྲས་འུ་དུམ་བཙན་གྱིས་ལོ་གསུམ་སྔ་ཕྱི་ཤོར་བའི་མཐའ་མའི་སྐད་ངག་སྙོམས་པོའི་འཁང་ཚིག་ཀྱང་འདི་ནས་ཤོར་ཅིང།  མི་ལོ་བཞི་བརྒྱ་བརྒལ་བར་བོད་སིལ་བུ་ཁ་འཐོར་གྱི་སྐྱོ་གདུང་དང་ཕམ་ཁའི་དབུ་འཁྱུད་ཀྱང་འདི་ནས་འགོ་བཙུགས། དེ་ལྟར་ཕྱོགས་འཐེན་ཤོག་སྒྲིལ་གྱིས་ནང་ཁུལ་འབུར་འཇོམས་བྱེད་པ་ལོ་རྒྱུས་ཀྱི་ནག་ཉེས་ཡིན་པའི་དྲན་སྐུལ་ཡང་ཁྱོད་ཡིན་པས། དེང་སྐབས་དབུ་མ་ཁ་ལ་འཁྱེར་ནས་གཞུང་འབངས་དང་བླ་སློབ་དཀྲུགས་ཤིང་། བོད་མིའི་ཆིག་སྒྲིལ་དང་རང་བཙན་འཐབ་རྩོད་ལ་གོད་ཆག་བཟོ་མཁན་སྐབས་འཚོལ་རིང་ལུགས་པ་ཚོས་རང་སེམས་ལ་ཞུ་དག་ཐེངས་གཅིག་ངེས་པར་གཏོང་རན་འདུག་ཅིང། ད་དུང་ཡང་རང་སེམས་རང་གིས་མ་བཅོས་ན། མ་འོངས་ལོ་རྒྱུས་ཀྱི་དེབ་ཐེར་སྨུག་པོས་ཁྱེད་ཚོའི་ཀུན་སྤྱོད་ལ་ཟུབ་མེད་ཀྱི་རྟགས་ཐམ་རྒྱག་ངེས་ཡིན།

ངའི་དད་སེམས་ཀྱི་ཞིང་ཁམས་མཆོག་གྱུར།

ངའི་རྒྱལ་ཁབ་ཀྱི་རྒྱལ་སའི་མཁར་རྫོང་བཙན་པོ།

ང་ཕོ་ལོ་བཅོ་བརྒྱད་ཀྱི་གོང་བ་ལ་སླེབས་དུས་བདག་གི་རྒྱལ་སའི་པང་ཁར། དབུས་ཉི་མ་ལྷ་སའི་ཇོ་བོ་མཇལ་དུ་སླེབས། སྐབས་དེར་པོ་ཏཱ་ལའི་མདུན་རྒྱབ་ཀྱི་བཀོད་པ་རེ་རེས་ང་ལ་རང་ཉིད་བོད་རིགས་ཤིག་ཡིན་པའི་བླ་མེད་ཀྱི་རིགས་ཞེན་དང་སྤོབས་པ་བསྩལ། དེ་བས་ཀྱང་ཞིབ་ཏུ་མཇལ་ཅིང་ཞིབ་ཏུ་བསམ་སྐབས། བོད་ཡུལ་ན་དེང་དུས་ཀྱི་འཕྲུལ་ཆས་གང་ཡང་མེད་པའི་སྔ་མོའི་དུས་དེར། གཡང་གཟར་གྱི་བྲག་རི་མཐོན་པོ་དེར་རྩེ་མོ་གནམ་ལ་ཟུག་པའི་ཕོ་བྲང་ཁྱེད་ཀྱི་རྩིགས་པའི་ཟུར་ངོས་དང་བཀོད་པ་རེ་རེ་ནས་བོད་མི་རིགས་ཀྱི་བློ་གྲོས་དང་སྙིང་སྟོབས་མཐོང་སོང་། པོ་ཏཱ་ལ། ཁྱེད་ནི་བོད་མིའི་བློ་གྲོས་དང་། སྙིང་སྟོབས་ཀྱི་མཚོན་རྟགས་ཡིན། འོན་ཀྱང། ད་ལྟ་ཁྱེད་ཀྱི་བཞུགས་ཁྲི་སྟོང་པ་རེད་ལ། ད་ལྟ་ཁྱེད་ཀྱི་རྒྱ་ཕིབས་ལ་གསེེར་མདོག་གི་འོད་མདངས་ཉམས་ཤིང། ཐལ་རྡུལ་གྱི་ནག་དྲེགས་ཆགས་འདུག ད་དུང་ད་ལྟ་ཁྱེད་ཀྱི་མདུན་ཐང་ན་བོད་མི་ས་ཡ་དྲུག་གིས་མཐོང་མི་འདོད་པའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་པས། མིག་ལ་གསལ་ཆ་དང་སེམས་ལ་དྲན་ཤེས་ལྡན་པའི་གངས་ཅན་པ་ཚོས་མཐོང་གི་འདུག་གམ། ཐོས་ཀྱི་འདུག་གམ།

ཕྱི་ལོ་༡༩༥༩ ལོར་དགྲ་བོ་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་བཙན་གྱིས་བཟུང་ཞིང། དགྲ་བོའི་མེ་མདའ་དང་མེ་སྒྱོགས་འོག བོད་ཀྱི་སྲི་ཞུ་བ་དང་མི་སེར་དཀྱུས་མའི་ཁྲོད་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་མེད་ཀྱི་ཟུངས་ཁྲག་ཁྱེད་ཀྱི་སྒོ་ཐེམ་དང་རྩིག་ལྡེབས་ནས་ལྷ་སའི་སྐྱིད་ཆུའི་རྦ་རླབས་དང་འདྲེས་སོང་ལ། དམར་ལྷོག་ལྷོག་དང་སྐྱི་ཡ་བའི་ངང་ནས་དྭངས་གཙང་གི་    སྐྱིད་ཆུ་ཁྲག་མདོག་ལ་བསྒྱུར།

དེ་ལྟར་བེམ་རོ་ཁྲི་འབུམ་ཁྲོག་ཁྲོག་་་་་རྒོག་རྒོག་་་་་་གིས་པོ་ཏཱ་ལའི་རྩིག་ལྡེབས་དང་སྐྱིད་ཆུའི་བྲག་རྡོ་ལ་བརྡབ་པ་དེ་ཇི་འདྲའི་སྙིང་ལ་གཟན་ཞིང། ཅི་འདྲའི་བརྗེད་དཀའ་བའི་ཤ་འཁོན་ལྕི་མོ་ཞིག པོ་ཏཱ་ལ། ཁྱེད་ནི་མཁའ་ལ་འཕྱུར་བའི་བོད་མིའི་ཤ་འཁོན་དང་འཐབ་རྩོད་ཀྱི་མིག་ཆུའི་མཚོ་མོ་ཡིན།

དེ་ལྟར་རྣམ་ཤེས་ཁྲི་འབུམ་ཀྱིས་བོད་རྒྱལ་ཁབ་སླར་གསོའི་ཁ་ཆེམས་དྲོན་མོ་ཇི་ལྟར་ཁྱེད་ཀྱིས་རྩིགས་ལྡེབས་ལ་བརྐོས་པ་དང། དགྲ་བོའི་བཙན་འཛུལ་གྱི་ཤ་འཁོན་ཇི་ལྟར་རྣོ་བ་མ་བརྗེད་པར། ང་ཚོའི་མཐའ་མའི་རེ་སྒུག་གི་ལྷན་འཛོམས་ཀྱང་ཁྱེད་ཀྱི་མདུན་ཐང་དུ་ཡིན།

འོན་ཀྱང་ལྷན་འཛོམས་དེ་ནི་དགྲ་བོའི་དར་དམར་འོག་གི་ཕམ་ཁའི་ལྷན་འཛོམས་ཤིག་མིན་པར། རྒྱལ་ཁའི་ཁྲོད་ཀྱི་སེང་དར་འོག་གི་ལྷན་འཛོམས་ཤིག་ཡིན།

དེ་དུས་ང་ཚོས་ཁྱེད་ཀྱི་མདུན་ཐང་དུ་༧གོང་ས་མཆོག་གི་གསེར་ཞལ་མཇལ་ཅིང། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཞུ་བའི་ཆོས་ཀྱི་དུས་སྟོན་འཚོགས་ཆོག་ལ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྟོན་དུས་ཆེན་གྱི་གཏམ་བཤད་སྤེལ་བའི་རྒྱལ་འཛུགས་དུས་ཆེན་གྱི་མཛད་སྒོ་ཆེན་མོ་ཡང་ཁྱེད་ཀྱི་མདུན་ཐང་ནས་གཉེར་ཆོག དེ་ནི་ང་དང་ང་ཚོ་ཐུན་མོང་གི་རེ་སྒུག་དང་གཉིད་ལམ་ཡིན།

ད་དུང་དེ་རིང་ང་ཚོའི་མིག་མདུན་ན་མངོན་པའི་ཨ་རིའི་ནིའུ་ཡོག་བྷེ་རོ་ཌེ་ཝེ་སྲང་ལམ་ཨང་ ༧༤ པ་Broadway 74st འདི་ལྟར། མ་འོངས་རང་བཙན་སླར་གསོ་བྱུང་མཚམས་ང་ཚོས་པོ་ཏཱ་ལའི་མདུན་རྒྱབ་ཀྱི་གཞུང་ལམ་དག་ལ་ཨ་འབྲུག་མགོན་པོ་བཀྲ་ཤིས་སྲང་ལམ་དང། ཀླུ་ཁང་པ་སྲང་ལམ། སྦྱིན་པ་རྒྱ་མཚོ་སྲང་ལམ་སོགས་ཀྱི་མིང་བྱང་འགེལ་ཆོག

དེ་དུས་ང་ཚོར་རྒྱལ་ཁབ་དང་རྒྱལ་ས་ཡོད་ཅིང། དེ་དུས་དེ་རིང་༧གོང་ས་མཆོག་གི་སྐུ་སྲུང་ལ་བཅར་བའི་སྤྱི་བདེ་མི་སྣ་འདི་དག་ཀྱང་གནས་གཡར་ཨ་རི་གཞུང་གི་མིན་པར། བོད་རྒྱལ་ཁབ་ཀྱི་ཉེན་རྟོག་པའི་རུ་དཔུང་ཡིན། དེ་དག་ང་དང་ང་ཚོ་རང་བཙན་རྩོད་མཁན་ཐུན་མོང་གི་རེ་སྒུག་དང་གཉིད་ལམ་ཡིན།

བོད་མིའི་དཔའ་སྤོབས་ཀྱི་སྙིང་སྟོབས་དང་། རྣམ་དཔྱོད་ཁྲི་ལོར་བརྟན་པར་ཤོག

པོ་ཏཱ་ལའི་བརྗིད་ཉམས་ཁྲི་ལོར་བརྟན་པར་ཤོག

༧གོང་ས་མཆོག་བཞུགས་ཡུལ་བྷི་ཁཱོན་beacon གསོལ་མགྲོན་ཁང་གི་རྒྱབ་ངོས་ Broadway 74st གཞུང་ལམ་དུ་མགོན་པོ་མཆོག་གི་གསེར་ཞལ་མཇལ་ཆེད་ཕེབས་སྒུག་སྐབས། རང་ཉིད་ཀྱི་ཚོར་སྣང་དུ། སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་༢༠༡༣།༡༠།༢༡ཉིན་བྲིས།། །།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up