རང་བཙན་འཐབ་རྩོད་དེ་མི་ཁ་ཤས་ཤིག་གི་འདོད་པ་དང་བསྟུན་ཐབས་ཀྱི་ཆེད་དུ་མ་རེད།

2013 ཟླ་བ་ 02 ཚེས 19 6:27 am ·

དབུས་གཞོན་ནུའི་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་སུ་བཅར་འདྲི། 
དྲི་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་རྒྱས་པའི་སྔོན་འགྲོའི་ཚོགས་ཆེན་ཁག་ཅིག་འཚོགས་པ་དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༠ ལོའི་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་ལྟར། བོད་རང་བཙན་འཐབ་རྩོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་ཆེད་རྒྱལ་སྤྱིའི་བོད་རང་བཙན་རྒྱས་འཛོམས་ཚོགས་ཆེན་ཞིག་འཚོགས་དགོས་པ་དང་། ཚོགས་འདུ་དེའི་སྔོན་འགྲོའི་ལས་རིམ་གྲ་སྒྲིག་ཆེད་ཚོགས་འདུ་ཁག་ཅིག་འཚོག་རྒྱུ་གཏན་འཁེལ་བྱས་ནས་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་བྱས་པ་ལྟར། ཚོགས་ཆེན་དེ་ཕྱི་ལོ་༢༠༡༣ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ནས་འཚོག་རྒྱུ་དང། སྔོན་འགྲོའི་ཚོགས་འདུ་དང་པོ་དེ་ཡུ་རོབ་སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་རྫུ་རིག་ཏུ་འཚོགས་པ་རེད། དེའི་རྗེས་ལ་ལྷོ་ཤར་ཨེ་ཤི་ཡའི་རང་བཙན་ཚོགས་འདུ་དེ་༢༠༡༢ ལ་ཐའེ་ཝན་དུ་འཚོགས་པ་རེད། བྱང་ཨ་རིའི་ཁུལ་གྱི་རང་བཙན་ཚོགས་འདུ་དེ་༢༠༡༢ ལོའི་ཕྱི་ཟླ་༡༢ པའི་ནང་དུ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འཚོགས་པ་དང། དེ་རིང་སྔོན་འགྲོའི་ཚོགས་འདུ་ཐེངས་བཞི་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་བདག་ཉིད་ཆེན་པོ་གཱན་དྷི་ཞི་བདེའི་ཐེབས་རྩ་ཁང་གི་ཚོགས་ཁང་དུ་ཚོགས་བཞིན་པ་འདི་རེད།

དྲི་བ། རྒྱལ་སྤྱིའི་རང་བཙན་ཚོགས་འདུ་དངོས་གཞི་དེ་དུས་ཚོད་ག་དུས་འཚོག་འཆར་ཡོད་དམ།
ལན། རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་དངོས་གཞི་དེ་ཕྱི་ལོ་༢༠༡༣ ལོ་འདིའི་ནང་ཕྱི་ཟླ་༥ ཚེས་༢༣ ཉིན་འཚོག་གཏན་འཁེལ་ཡོད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་གནང་ནས་ལོ་༡༠༠ འཁོར་བའི་དུས་ཚིགས་འདི་དང་སྟབས་བསྟུན་པ་དང། ལོ་འདི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་རང་བཙན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད། ཕྱི་ཟླ་༥ པའི་ཚེས་༢༣ ཉིན་འཚོག་དགོས་དོན་ཕྱི་ལོ་༡༩༥༡ ལོར་དགྲ་བོ་རྒྱ་དམར་གྱིས་བཙན་གནོན་དང་མེ་མདའི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་པར་བརྟེན། དེ་ལ་སླར་ཡང་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་གྱི་ཆེད་དུ་དངོས་གཞིའི་ཚོགས་ཆེན་རྒྱས་པ་དེ་དུས་ཚིགས་དེར་རྒྱ་གར་དུ་འཚོག་རྒྱུ་གཏན་འཁེལ་བྱུང་ཡོད།

དྲི་བ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་བཞི་འཚོགས་པ་རེད། ཚོགས་འདུ་དེ་དག་གི་གྲུབ་དོན་བསམ་ཚུལ་ལ་བལྟས་ན་གལ་ཆེན་པོ་གང་དང་གང་ཡོང་གི་འདུག 
ལན། ད་བར་རང་བཙན་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་༤ འཚོགས་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གྲ་སྒྲིག་ཚོགས་ཆུང་གི་བསམ་བློའི་ནང་གྲ་སྒྲིག་ག་རེ་ཡོད་ཅེ་ན། ཚོགས་འདུ་ཁག་བཞིའི་ནང་གི་བསམ་ཚུལ་གལ་ཆེ་བ་ཁག་ཕྱོགས་གཅིག་ཏུ་སྤུངས་ནས་ཚོགས་ཆེན་དུ་ཁུར། སྔོན་འགྲོ་དང་དངོས་གཞིའི་ཚོགས་ཆེན་གྱི་ཡིག་ཆ་དེ་དག་མ་འོངས་པར་བོད་རང་བཙན་སླར་གསོའི་ལས་འཆར་ལ་ཕན་ཐོགས་ཐུབ་པའི་རེ་བ་རྒྱག་གི་ཡོད། ད་བར་བསམ་ཚུལ་ནང་སླེབས་པ་གཙོ་བོ་གཅིག་ནི། བོད་གཞུང་གི་ལངས་ཕྱོགས་དེ་བསྐྱར་དུ་བོད་རང་བཙན་དུ་ཕེབས་དགོས་པ་དང། བོད་གཞུང་མང་གཉིས་ངོས་ནས་བོད་རང་བཙན་སླར་གསོའི་ཐོག་རྡོག་རྩ་གཅིག་སྒྲིལ་དགོས་པ་དེ་བསམ་ཚུལ་ཤུགས་ཆེ་བའི་གྲས་ཤིག་རེད་འདུག དེ་ནས་མ་འོངས་པར་བོད་རྒྱལ་ཁབ་རང་བཙན་སླར་གསོ་བྱུང་བའི་རྗེས་སུ་བོད་རྒྱལ་ཁབ་དེ་འཛུགས་སྐྲུན་ག་འདྲ་ཞིག་དགོས་མིན་ཐད་འཆར་སྣང་གི་སྲིད་བྱུས་ཤིག་དགོས་ཀྱི་འདུག དེ་བཞིན་བོད་རང་བཙན་སླར་གསོ་བྱུང་བའི་རྗེས་སུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྔོན་འགྲོའི་ཟིན་བྲིས་ཤིག་དགོས་པ་དང། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་ལས་འགུལ་སྤེལ་དགོས་པ་མ་ཟད། མ་འོངས་པར་རང་བཙན་སླར་གསོ་བྱུང་བའི་རྗེས་སུ་ཕྱི་འབྲེལ་དང་ཁོར་ཡུག་སོགས་ཀྱི་ཐོག་ནས་སྲིད་བྱུས་ག་འདྲ་འཛིན་དགོས་མིན་ཟིན་བྲིས་ཁ་གསལ་པོ་ད་ལྟ་ནས་བཟོ་དགོས་པ་སོགས་བསམ་ཚུལ་གལ་ཆེན་པོ་མང་པོ་ཡོང་གི་འདུག

དྲི་བ། རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་དེ་རྒྱ་གར་གྱི་ས་གནས་གང་དུ་འཚོག་རྒྱུ་ཡིན་མིན་དང་ཚོགས་ཞུགས་པའི་གྲུབ་ཆ་དེ་ག་འདྲ་ཞིག་གནང་འཆར་ཡོད་དམ།
ལན། ད་བར་སྔོན་འགྲོའི་ཚོགས་འདུ་ཁག་གི་གྲུབ་ཆ་དེ་མི་༣༠ ལས་མ་བརྒལ་བ་བསྐོང་རྒྱུའི་རྩིས་བརྒྱབ་པ་དང། དེ་ཚགས་ཚུད་པོ་དང་སྤུས་དག་པོ་ཞིག་ཡོང་ཆེད་དུ་རེད། འོན་ཀྱང་ད་བར་སྔོན་འགྲོའི་ཚོགས་འདུ་ཚང་མའི་གྲུབ་ཆ་དེ་ཐོག་མའི་འཆར་གཞི་ལས་བརྒལ་བ་ཆགས་སོང། མ་འོངས་པར་དངོས་གཞིའི་ཚོགས་ཆེན་དེར་ས་ཆ་གང་མང་ཞིག་ནས་མི་སྣ་ཕེབས་ཐུབ་ཐབས་བཟོ་རྒྱུ་ཡིན་ཡང། མི་ཉུང་ཉུང་དང་སྤུས་དག་པོ་ཞིག་ཡོང་རྒྱུའི་འཆར་གཞི་བཞག་ཡོད། བོད་རང་བཙན་སླར་གསོའི་ལས་འགུལ་ནང་རྒྱབ་སྐྱོར་གལ་ཆེ་ཤོས་དེ་རྒྱ་གར་ཡིན་པར་བརྟེན་རྒྱ་གར་དུ་འཚོག་རྒྱུ་དང། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའམ། བཞུགས་སྒར་དྷ་རམ་ས་ལ་གང་རུང་ཞིག་ཏུ་འཚོག་རྒྱུ་གཏན་ཁེལ་ཡོད་ཞུ་རྒྱུ་ཡིན།

དྲི་བ། རང་བཙན་ཚོགས་ཆེན་དང་འབྲེལ་བའི་དྲི་བ་དེ་ཙམ་ཡིན། ཁྱེད་བོད་ཀྱི་གཞོན་ནུའི་ཚོགས་གཞོན་གྱི་མཚན་ཐོག་ནས་བྱང་ཨ་རིའི་ཁུལ་དུ་ཕེབས་ནས་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་དོན་མང་པོ་ཞིག་བྱུང་སོང། དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། བྱང་ཨ་རིའི་ཁུལ་གྱི་རང་བཙན་ཚོགས་འདུ་དེ་ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས་༡༨ དང་༡༩ གཉིས་ལ་འཚོགས་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཆོས་སྐྱིད་ལགས་དང་ངེད་གཉིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཚན་ཐོག་ནས། ཚོགས་འདུ་དེ་གཙོ་སྐྱོང་གི་ལས་རིམ་ཆེད་དུ་བཅར་བ་རེད། དེ་དང་སྟབས་བསྟུན་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྐོར་བྱང་ཨ་རིའི་ཁུལ་དུ་བཞུགས་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་དྲན་སྐུལ་གྱི་ཆེད་དུ། ཨ་མི་རི་ཀ་དང། ཁེ་ན་ཌའི་ས་གནས་ཁག་བཅོ་ལྔ་རུ་བཅར་ནས་གཏམ་བཤད་བྱ་རྒྱུའི་གོ་སྐབས་བྱུང་སོང། དེ་བཞིན་ཁེ་ན་ཌའི་ཕྱི་སྲིད་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ནང་བོད་དོན་ཉན་ཞིབ་ཀྱི་གོ་སྐབས་བཟང་པོ་ཡང་བྱུང་སོང།

དྲི་བ། ཁྱེད་ལ་མཚོན་ན་ནམ་རྒྱུན་རྒྱ་གར་དུ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་ཕེབས་པའི་སྐབས་བོད་པའི་སྤྱི་ཚོགས་ནང་བོད་རང་བཙན་གྱི་ལངས་ཕྱོགས་ཐད་ལ་ལྟ་སྟངས་ག་འདྲ་འདུག
ལན། རྩ་བས་བོད་པ་ཚང་མའི་བསམ་བློའི་ནང་བོད་རང་བཙན་གྱི་མངོན་འདོད་དང་འདུན་པ་དེ་ཤུགས་ཆེན་པོ་ཡིན་པ་ཧ་ཅང་གསལ་པོ་རེད་འདུག ཡིན་ནའང་ང་ཚོའི་ད་ལྟའི་གནས་སྟངས་ཀྱི་ཆ་ནས་བོད་རང་བཙན་དང་ལམ་དབུ་མའི་དམིགས་ཡུལ་གཉིས་ཡོད་བསྡད་པ་དང། ལྷག་པར་དུ་བར་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་གྱི་གནས་ཚུལ་བྱུང་བ་རེད་དང་མ་རེད། ཅེས་པའི་གླེང་སློང་མང་པོ་ཞིག་བྱུང་བའི་ཆ་ནས་ང་ཚོ་བྱང་ཨ་རིའི་ཁུལ་དུ་འགྲོ་བའི་སྐབས་སུ་བསམ་བློའི་ཐོག་ནས་དཀའ་ངལ་དེ་ཤུགས་ཆེན་པོ་གཞོན་ནུའི་རྒྱུན་ལས་ལས་ཐོག་དང་ཟུར་པ་དེ་ཚོ་ལ་ཡོད་བསྡད་པའི་གནས་སྟངས་དང། ས་གནས་ཚང་མར་གནད་དོན་དེའི་སྐོར་ལ་མི་མང་གི་དྲི་བ་སླེབས་ཀྱི་འདུག དེ་དག་ལ་དངོས་ཡོད་གནས་ཚུལ་གསལ་བཤད་བྱས་པའི་སྐབས་ལ་མི་མང་ནང་དོགས་པ་ཆ་ཚང་སེལ་བ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་ལ་འདུན་པ་དང་རྒྱབ་སྐྱོར་དེ་ཁ་གསལ་པོ་དང་ཤུགས་ཆེན་པོ་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་སོང། ཐོག་མའི་ཆར་བྱང་ཨ་རིའི་ས་གནས་གཞོན་ནུ་ཡོད་ས་ཁག་ཏུ་བཅར་རྒྱུ་ལས་ས་གནས་གཞན་དུ་བཅར་རྒྱུའི་འཆར་གཞི་ཡོད་པ་མ་རེད། ཕྱིས་སུ་ས་གནས་གཞོན་ནུ་མེད་སའི་ས་གནས་མང་པོ་ཞིག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་དང། མི་སྒེར་དེ་འདྲས་གོ་སྒྲིག་གིས་གཏམ་བཤད་བྱས་ནས་ང་ཚོའི་གནམ་གྲུའི་འཛིན་བྱང་ཡང་ཐེངས་གསུམ་ཕར་འགྱང་བྱེད་དགོས་བྱུང་སོང། གནས་སྟངས་དེ་དག་དང་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་བྱང་ཨ་རིའི་ཁུལ་དུ་སྡོད་མཁན་བོད་པ་དེ་ཚོ་བོད་རང་བཙན་གྱི་མངོན་འདོད་ཆེན་པོ་ཡིན་པ་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་དེ་ཧ་ཅང་གསལ་པོ་རེད་འདུག ལྷག་པར་དུ་ད་ལན་ཕར་བཅར་ནས་སོ་སོ་ཡིན་ན་སྤོབས་པ་གསར་པ་ཞིག་སྐྱེས་པ་ག་རེ་བྱུང་སོང་ལབ་པ་ཡིན་ན། ང་ཚོ་རྒྱ་གར་དུ་སྡོད་པའི་སྐབས་སུ་བྱང་ཨ་རིའི་ཁུལ་དུ་སྡོད་མཁན་བོད་པ་དེ་ཚོ་ཌོ་ལོར་དང་ལས་ཀའི་བྲེལ་བའི་ནང་ཐིམ་བསྡད་པ་ཞིག་ལས་བོད་དོན་འཐབ་རྩོད་དང། སྤྱི་པའི་འགན་ཁུར་གྱི་ནང་དུ་དེ་ཙམ་ཤུགས་ཆེན་པོ་མེད་པའི་བསམ་ཚུལ་དང་གླེང་སློང་མང་པོ་ཡོད་པ་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཕར་བཅར་བའི་སྐབས་ལ། བྱང་ཨ་རིའི་ཁུལ་དུ་སྡོད་པའི་བོད་པ་དེ་ཚོ་རང་བཙན་སླར་གསོའི་འཐབ་རྩོད་དང། མི་རིགས་ཀྱི་ཤ་ཞེན་དང་འདུན་པ་དེ་ཤུགས་ཆེན་པོ་ཞེ་དྲག་འདུག་ལ། ཕྱི་ལོ་༢༠༠༧ དང་༢༠༠༨ ལ་བོད་ནང་དུ་ཛ་དྲག་གནས་ཚུལ་བྱུང་བའི་སྐབས་སུ་མི་རེ་ཟུང་གིས་ལས་ཀ་གཡུགས་ནས་ཟླ་ལྔ་དྲུག་རེར་བློས་གཏོང་བྱས་པའི་གནས་ཚུལ་བྱུང་འདུག ད་ལྟའི་ཆར་ཡང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་གོ་སྒྲིག་དང་འཆར་གཞི་ཡོད་པ་ཡིན་ན། ང་ཚོའི་ངོས་ནས་བློས་གཏོང་བྱ་རྒྱུའི་ཐག་གཅོད་ཡོད། ག་དུས་ཡིན་ཡང་རྒྱབ་སྐྱོར་ཡོད་ཅེས་རྣམ་འགྱུར་དེ་གསལ་པོ་ཞེ་དྲག་བྱུང་སོང།

དྲི་བ། ཁྱེད་ཀྱིས་གཞོན་ནུའི་དབུས་རྒྱུན་སྐབས་གཉིས་གནང་ནས་དུས་ཡུན་ཚང་གྲབས་ཡོད་པ་རེད། དེའི་ཉམས་མྱོང་གི་ཐོག་ནས་བཤད་ན་རང་བཙན་འཐབ་རྩོད་ཀྱི་ལས་དོན་ནང་དཀའ་ངལ་ཆེ་ཤོས་གང་དང་གང་འཕྲད་སོང་ཞུ་རྒྱུ་ཡིན།
ལན། སྤྱིར་རང་བཙན་འཐབ་རྩོད་བྱ་རྒྱུ་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཡིན་སྟབས། དཀའ་ངལ་མང་པོ་ཡོད་པ་དང་གདོང་ལེན་བྱེད་དགོས་པ་མང་པོ་ཡོད་པ་རེད་ལ། ང་ཚོ་ལ་མཚོན་ན་དགྲ་བོ་རྒྱ་དམར་དྲག་གཞུང་ལ་གདོང་ལེན་བྱེད་དགོས་པ་དེ་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག་རེད། དེ་ཕར་བཞག་ནས་ང་ཚོ་ལ་དཀའ་ངལ་འཕར་མ་ཞིག་ག་རེ་འཕྲད་སོང་ཞུས་ན། ང་ཚོའི་སྤྱི་ཚོགས་ནང་རང་བཙན་ལམ་དབུ་མའི་དམིགས་ཡུལ་གཉིས་ཀྱི་བརྒྱུད་རིམ་དེའི་ནང་དུ། བཀའ་བློན་ལས་ཐོག་དང་བཀའ་ཟུར། སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་དེ་འདྲ་ཁ་ཤས་ཀྱིས་མི་མང་ནང་དུ་གཏམ་བཤད་དང་བཀའ་མོལ་གནང་བའི་སྐབས་ལ་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དེ་ཚོ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་གཏད་གཅོག་མཁན་རེད་མདོག་མདོག་གསུངས་ཡོང་དུས། དེ་ལ་བརྟེན་ནས་མི་མང་ནང་དུ་དོགས་པ་རྣམ་རྟོག་མང་པོ་ཞིག་སླེབས་ནས། རང་བཙན་འཐབ་རྩོད་བྱེད་མཁན་དེ་ཚོའི་བསམ་བློའི་ནང་གནོན་ཤུགས་ཧ་ཅང་ཆེན་པོ་ཆགས་ཡོད་པ་དེ་སོ་སོའི་ཉམས་མྱོང་གི་ཐོག་ནས་གསལ་པོ་བྱུང་སོང། འོན་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་འཐབ་རྩོད་དེ་མི་ཁ་ཤས་ཤིག་གི་འདོད་པ་དང་བསྟུན་ཐབས་ཀྱི་ཆེད་དུ་མ་རེད། ང་ཚོས་འགན་ཁུར་ས་དེ་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཡིན་སྙམ་པའི་བསམ་བློ་བཏང་བའི་སྐབས་ལ། དཀའ་ངལ་དེ་ཚོ་ལ་གདོང་ལེན་བྱ་རྒྱུ་དེ་ལས་སླ་པོའི་ཐོག་ནས་ཡོང་གི་འདུག།།
ཡོང་ཁུངས་བོད་ཀྱི་བང་ཆེན་དྲ་རྒྱ།

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up