རྒྱ་མི་རིགས་ལ་བོད་དོན་རེ་བ་བཅོལ་ཡུལ་མེད་པ་དེ།

རྒྱ་མི་རིགས་ལ་བོད་དོན་རེ་བ་བཅོལ་ཡུལ་མེད་པ་དེ། པཱ་རག་དང་ཝ་ཤིང་ཊོན་ནས་ར་སྤྲོད་བྱས་ཡོད།

ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཙོ་སྐྱོང་འོག རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆའི་བདེ་འཇགས་ལྷན་ཚོགས་ཐེངས་བཞི་པར་རྒྱལ་ཁབ་ལྔ་བཅུ་ལྷག་གི་དབུ་འཁྲིད་ཕེབས་པའི་ཁྲོད། དགྲ་བོ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ཡང་སླེབས་ཡོད་པར་བརྟེན། བོད་བཙན་བཟུང་དྲག་གནོན་ལ་ངོ་རྒོལ་དང་། ལྷག་པར་སྐབས་དོན་བོད་ནང་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གསོག་འཇོགས་སོགས་གསལ་སྟོན་ངོ་རྒོལ་སླད། ཁ་སང་ཕྱི་ཕྱི་ཟླ་༤ ཚེས་༡ ཞོགས་པའི་ཆུ་ཚོད་ ༣། པའི་ཐོག་གྲོགས་པོ་བདེ་ཆེན་བཟང་པོ་ངེད་གཉིས་གྲོང་ཁྱེར་ནིའུ་ཡོག་ནས་རྒྱལ་ས་ཝ་ཤིང་ཊོན་ལ་མེ་འཁོར་ནང་ཐོན།
ལྷན་ཚོགས་ཚོགས་ཡུལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན Convention Center.ཚོགས་ཁང་ཆེན་མོའི་མདུན་དུ་ཆུ་ཚོད་བཅུ་པ་མ་ཟིན་ཙམ་ལ་འབྱོར་ཅིང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ངོ་རྒོལ་སྐད་འབོད་ལ་སྒེར་ངོས་ནས་མཉམ་ཞུགས་བྱས་པའི་མཐོང་ཐོས་དང། སེམས་ཚོར་ཐུང་ངུ་ཞིག་གླེང་འདོད།
ལས་འགུལ་སྤེལ་ཡུལ་དུ་རྒྱ་མི་བརྒྱ་ཕྲག་དུ་མའི་མདུན་ལ་ང་ཚོ་བོད་པ་ཉུང་ཤས་ཤིག་ལས་མེད་ཀྱང་། ང་ཚོས་ཡིན་ལུགས་ཚུལ་ལྡན་ངང་། དགྲ་རྒོལ་སླར་གསོན་གྱི་འབོད་སྒྲ་རྒྱུན་མ་ཆད་པར་བསྒྲགས་པས། སྐད་འགག་སྟེ་ལུས་ལ་ངལ་དུབ་ཇི་ཙམ་བྱུང་ཡང། རྒྱལ་ཞེན་ཤ་འཁོན་དང་། བདེན་དོན་ཡར་ལངས་ཀྱིས་སྤོབས་པས་ཉིན་ཧྲིལ་པོར་གངས་སེང་རྟགས་ཅན་གྱི་རྒྱལ་དར་མཐོན་པོར་འཕྱར་བཞིན། ལྷན་ཚོགས་མ་གྲོལ་བར་དུ་དགྲ་བོའི་ཁ་གཏད་དུ་བོད་རང་དབང་རང་བཙན་སོགས་གཅིག་རྗེས་གཉིས་མཐུད་ངང་བསྒྲགས་ཏེ། མཐར་བདེན་ཚིག་སྨོན་ལམ་དང་། མི་དམངས་ལངས་གླུ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཅས་བཏོན་ནས་སྤོབས་པའི་ངང་མཇུག་སྒྲིལ་ཞུས།
དགྲ་བོ་ཐག་ཉེ་ལ་སླེབས་དུས་སོ་སོ་རང་འགན་རང་འཁུར་གྱིས་ངོ་རྒོལ་ཆ་ཤས་ལེན་ཐུབ་པའི་དགའ་སྤོབས་ཀྱིས་ང་ཚོ་ནིའུ་ཡོག་ལ་སྡོད་མཁན་ཚོ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གླ་འཁོར་དེ་གྲོགས་པོ་དབང་རྟ་ཁང་བསྟན་འཛིན་དབང་འདུས་ལགས་ཀྱིས་གཏོང་ནས་ཕྱིར་ལོགས་ཡོང་དུས་ཚང་མ་ངལ་སེམས་མེད་པར། རྒྱལ་གཅེས་ཡར་ལངས་ཀྱི་གླུ་གཞས་སྣ་ཚོགས་གཏོང་བཞིན་མཚན་མོ་ཆུ་ཚོད་བཅུ་གཅིག་ཙམ་ལ་ནིའུ་ཡོག་ཏུ་འབྱོར།

ཉེ་ལམ་བྱུང་བའི་གནད་དོན་གཞན་ཞིག་དང་འབྲེལ། བོད་དོན་ཐོག་རྒྱ་མི་རིགས་ཀྱི་བསམ་སྤྱོད་ཐོག་ནས་མ་འོངས་བོད་དོན་ཐད་ང་ཚོ་གངས་ཅན་པ་ཚོས་ངོས་འཛིན་ཇི་ལྟར་དགོས་མིན་རོབ་ཙམ་གླེང་བར་འདོད།
དེ་ཡང་“རྒྱ་ནག་གི་དར་ཆ་མཐོང་བ་དང་ཞེད་སྣང་དངངས་སྐྲག་སྐྱེ་གི་འདུག ཡང་བསྐྱར་ར་ཤི་ཡ་གུང་ཁྲན་རིང་ལུགས་ལ་ཕྱིར་ལོག་བྱས་པའི་ཚོར་སྣང་སྟེར་སོང་”ཞེས་ཅེཀ་མི་མང་ཁྲོད་ནས་དྲྭ་ཐོག་ལ་མཆན་བཀོད་པ་ལྟར། ཕྱི་ཟླ་༣ ཚེས་༢༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཅེཀ་(Czech)སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ནང་སྐོར་སྐྱོད་སྐབས། བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་ལས་འགུལ་སྤེལ་བར། རྒྱ་རིགས་སློབ་མ་སྐོར་ཞིག་གིས་བོད་དོན་རྒྱབ་སྐྱོར་བར་རུབ་རྡུང་དྲག་པོ་བྱས་པ། བོད་ཀྱི་རྒྱལ་དར་བཙན་འཕྲོགས་ཀྱིས་ཆུ་ལ་གཡུགས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།
ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡང་རྒྱ་མི་ཚོས་བོད་པ་ཞི་རྒོལ་བའི་ཐོག་ལ་འབུད་རྒྱག་གཏོང་བ་དང་། འགྱིག་དམ་བཞུས་པ། ཨེ་ཤི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་འཚོ་ལགས་རུབ་བཙིར་དང་རྡུང་གྲབས་བྱས་ཤིང། གསར་འགྱུར་འགོད་སྤེལ་སྐབས། གཞས་བཅུག་པའི་སྒྲ་སྒམ་མང་པོ་བསྡེབས་ལ་བཏང་ནས་གསར་འགོད་རང་དབང་བཀག་སྡོམ་བྱས་པ་མ་ཟད། ལྕགས་མོ་འཚོ་ལགས་ཀྱིས་བོད་ནང་བོད་མི་བརྒྱ་ལྷག་མེར་སྲེག་བཏང་བའི་གནད་དོན་དང་། བོད་ནང་བདེ་སྐྱིད་ངོ་མ་ཡོད་མེད་སྐོར་ལས་འགུལ་ནང་ཡོད་པའི་རྒྱ་མི་ཞིག་ལ་དྲིས་པར། རྒྱ་མི་དེས་བདེ་སྐྱིད་ཟེར་བ་ནུབ་ཕྱོགས་པ་ལ་སྡུར་ཐབས་མེད་པ་དང་། ང་ཚོ་རྒྱ་ནག་ལ་མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་པས། མི་གྲངས་བརྒྱ་ལྷག་མེར་སྲེག་བཏང་བར་ཧང་སང་དགོས་དོན་མེད་ཟེར་ངར་ཤུགས་དྲག་པོས་ལན་བཏབ་ཡོད། ད་དུང་ཡང་ང་ཚོས་རྒྱ་ནག་དང་རྒྱ་མི་རིགས་ལ་རེ་བ་འཆང་འོས་པ་འདུག་གམ།
གང་ལགས་ཞེ་ན། རྒྱུན་ལྡན་ང་ཚོས་རྒྱ་ནག་ནང་དུ་རྒྱ་ནག་མི་མང་ལ་བོད་དོན་ཤེས་རྟོགས་ཀྱི་རང་དབང་མེད་པ་མ་གཏོགས། བོད་དོན་ཤེས་རྟོགས་ཀྱི་རང་དབང་བྱུང་ན་རྒྱ་མི་མང་ལ་རེ་བ་ཡོད་སྐོར་བཤད་ཀྱི་ཡོད་མོད། ཕྱི་རྒྱལ་རང་དབང་ལུང་པར་ཡོད་པའི་རྒྱ་རིགས་སྤྱི་དང་ལྷག་པར་མ་འོངས་རྒྱ་ནག་གི་འགོ་འཁྲིད་དང་མ་འོངས་རྒྱ་ནག་གི་བདག་པོ་ཡིན་པའི་ཕྱི་སྡོད་རྒྱ་རིགས་ཚོས་དེ་རིང་ཅཱེག་སྤྱི་མཐུན་རྒྱལ་ཁབ་དང་ཨ་རི་ནས་སྤྲད་པའི་བརྡ་ལན་དེ་ང་ཚོས་ངེས་པར་ཤེས་དགོས་ལ། དེ་བས་ཀྱང་རི་བོང་རྡོ་རྫུས་ཀྱི་མ་མཐོང་མདོག་མདོག་བྱས་ན་དེ་ལས་ཚབས་ཆེ་བའི་རང་མགོ་རང་གཡོགས་ཤིག་མེད་པས། ད་ནས་ངེས་པར་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་ངང་རེ་བ་བོད་པ་རང་ཉིད་ལ་བཅོལ་བ་ལས། རེ་བ་རྒྱ་ལ་བཅོལ་མི་རུང་བ་ཤེས་མི་དགོས་སམ། མདོར་ན། རྒྱ་མི་རིགས་ལ་མ་འོངས་པར་རང་དབང་གི་གོ་སྐབས་བྱུང་ཡང་བོད་དོན་སྐོར་རེ་བ་བཅོལ་ཡུལ་མེད་པ་པཱ་རག་དང་ཝ་ཤིང་ཊོན་ནས་ར་སྤྲོད་གསལ་པོ་བྱས་ཡོད།

ལྷག་པར་དེང་ང་ཚོ་བཙན་བྱོལ་བོད་མིའི་ཁྲོད། དགྲ་བོ་རྒྱ་ནག་གི་སྲིད་འཛིན་སླེབས་སྐབས་ངོ་རྒོལ་བྱེད་མཁན་ཧ་ཅང་ཇེ་ཉུང་དུ་འགྲོ་བ་མ་ཟད། རྒྱ་མིའི་རྒྱལ་དར་མེར་སྲེག་བཏང་ན་རྒྱ་ལ་ཕོགས་ཐུག་འགྲོ་བའི་སེམས་འཁུར་བྱེད་ཀྱང། བོད་ནང་དམར་གསོད་འཛིན་བཟུང་ལ་སེམས་འཁུར་མེད་ཅིང། རྒྱ་མིས་བོད་ཀྱི་རྒྱལ་དར་བཙན་འཕྲོགས་ཀྱིས་ཆུ་ལ་གཡུགས་ན་ཡང་སེམས་ཚོར་ཙམ་མེད་པ་འདི་རིགས། དབུ་མ་དང་རང་བཙན་གྱི་གནད་དོན་ཞིག་མིན་པར། འདི་དག་ནི་བོད་ཀྱི་ལུས་ལ་རྒྱ་ཡི་སེམས་པ་ཞུགས་པའི་བོད་ལུས་རྒྱ་སེམས་ཀྱི་གནད་དོན་ཚབས་ཆེན་ཞིག་ཡིན་པས། ང་ཚོ་ཚང་མས་ཉེན་ཁ་ཆེ་བའི་འགྱུར་བ་འདི་རིགས་ལ་ངེས་པར་བསམ་ཤེས་དང་ནོར་འཁྲུལ་ཡོ་སྲང་མ་བྱས་ན། བོད་མི་རང་ཉིད་ཀྱིས་བོད་དོན་འཐབ་རྩོད་འཆི་ལམ་དུ་སྐྱེལ་བའི་ནོར་འཁྲུལ་དང་ནག་ཉེས་འབྱུང་ངེས།
འཛམ་གླིང་གི་འགྱུར་འགྲོས་དང། རྒྱ་ནག་ནང་ཁུལ་གྱི་རྙོག་གླེང་སོགས་ལ་དཔྱད་ན་ལོ་ཤས་ནང་རྒྱ་ནག་ལ་འགྱུར་བའི་ཡོ་ལངས་ཆེན་པོ་ཞིག་འབྱུང་ངེས་ཀྱང། ད་ལྟ་ང་ཚོ་རྒྱ་མི་རིགས་ལ་དགའ་ཞེན་ཆེ་ཞིང། ནང་ཁུལ་ཤོག་ཁག་དཔུང་སྒྲིག་བྱས་ཏེ། བྱས་པ་དང་འཇོན་ནུས་ཅན་ལ་ནག་མེད་ཉེས་འགེལ་གྱིས་འབུར་འཇོམས་བྱེད་པ་དང། བོད་ཀྱི་བདེན་མཐའ་གསལ་བའི་ཁ་ཕྱོགས་རབ་རིབ་ཙམ་ལས་མེད་པའི་སྐྱོ་གནས་ལ་བལྟས་ན། མ་འོངས་རྒྱ་ནག་གི་འགྱུར་བའི་ཡོ་ལངས་དེ་ང་ཚོས་རྩ་དོན་ལ་སྨན་པའི་གོ་སྐབས་ཤིག་ཏུ་དམ་འཛིན་ཐུབ་དཀའ་བའི་སེམས་ངལ་ཧ་ཅང་ཆེ་ན། ད་ནས་བོད་མི་སྤྱི་དང་། ལྷག་པར་སྲིད་སྤྱི་གཉིས་ཀྱི་གཙོས་འགན་བབས་ཅན་ཚོས་ཆིག་སྒྲིལ་དང། རང་ཡིད་རང་ཆེས། ཁ་གསལ་དང་ལོ་རྒྱུས་ཀྱི་འགན་བབས་ཅན་དུ་རང་འགན་རང་འཁུར་གྱིས་སྣེ་འཁྲིད་མདུན་སྐྱོད་བྱེད་པའི་དུས་ལ་སླེབས་ཡོད།

ད་ནས་གོང་བརྗོད་རྒྱ་མིའི་བྱ་སྤྱོད་སྐོར་ནས་མུ་མཐུད་གླེང་ན། ཁ་སང་ང་ཚོ་བོད་མི་ཉུང་ཤས་ཀྱི་བདེན་པའི་འབོད་སྒྲ་ལ་རྒྱ་མི་ཚོས་ཞེ་སྣང་དང་། ཁོང་ཚོར་མུ་མཐུད་སྐད་འབོད་རྒྱག་པའི་སེམས་ཤུགས་དང་བདེན་དོན་མེད་པས། གང་འཚམས་ཞིག་ནས་ཁོང་ཚོས་སྐད་འབོད་མ་བྱེད་པར། ཟ་བ་དང་ཉལ་བ་བྱས་ནས་དུས་ཚོད་སྐྱེལ་བ་མ་ཟད། ཉེན་རྟོག་པ་ལ་ཟ་མ་ལྐོག་རྔན་དུ་སྤྲད་པ། ཁོ་རང་ཚོའི་སྐར་ལྔའི་དར་དམར་རྐུབ་གདན་བྱས་པ་དང་བྲུད་པ། གཞས་བཅུག་པའི་སྒྲ་སྒམ་དུ་མ་བསྡེབས་ལ་བཏང་ནས་བོད་མིའི་བདེན་པའི་འབོད་སྒྲ་འགོག་ཐབས་བྱས་པ་སོགས། ཕུགས་ཀྱི་བདེན་དོན་མ་འོངས་ང་ཚོར་ཐོབ་ངེས་མ་ཟད། ཁ་སང་ཉེན་རྟོག་པ་དང་འཛམ་གླིང་གི་མིག་མདུན་ལ་ཀུན་སྤྱོད་ཀྱི་རྒྱལ་ཁ་དེ་ཡང་ང་ཚོར་ཐོབ་སོང་།
དེ་ཡང་རྒྱ་མིའི་གདུག་རྩུབ་དང། ངོ་ཚ་མེད་པའི་ཀུན་སྤྱོད་དག་གིས་ཨ་རིའི་ཉེན་རྟོག་པ་རྣམས་ཀྱང་ཞེ་ལོགས་པས། ལས་འགུལ་མཇུག་སྒྲིལ་རྗེས་ཉེན་རྟོག་པ་རྣམས་ཀྱིས་ང་ཚོ་བོད་མི་རྣམས་ལྷན་འདུས་ཀྱི་འདྲ་དཔར་ལེན་རོགས་བྱས་ཤིང། ང་ཚོ་ཐོན་དུས་བསྔགས་བརྗོད་ཡོད་ཅེས་ལག་འཇུ་བྱས་པ་དང། ལས་འགུལ་སྤེལ་ཡུལ་གྱི་རྒྱབ་ངོས་ཁང་ཆེན་དེའི་སྒེའུ་ཁུངས་ནས་ཕྱི་རྒྱལ་བ་ཁག་ཅིག་གིས་བོད་རང་བཙན། Free Tibet, རྒྱ་ནག་གི་བཙན་འཛུལ་མཚམས་འཇོག་དགོས་ End China’s occupation.ཞེས་འཁོད་པའི་ཤོག་བྱང་སྦྱར་འགྲེམས་ཀྱིས་རྒྱབ་སྐྱོར་ཡོད། ཤུགས་རྒྱོབས་ཅེས་པའི་ལག་བརྡ་ཡང་ཡང་གནང་བ་མ་ཟད། ཚོགས་འདུ་ཚོགས་ཡུལ་ཁང་ཆེན་གྱི་སྒེའུ་ཁུངས་ནས་མི་རིགས་འདྲ་མིན་དུ་མས་ང་ཚོར་རྒྱབ་སྐྱོར་ཡོད། ཤུགས་རྒྱོབས་ཅེས་པའི་ལག་བརྡ་ཡང་ཡང་གནང་བ་སོགས། ཨ་རིའི་རླུང་འཕྲིན་ཁང་གི་དྲི་བར་གུས་ཀྱིས་ལན་འདེབས་ཞུས་པ་ལྟར། གཙོ་བོ་སོ་སོའི་འགན་འཁུར་གྱི་ཐོག་ནས་ཡོང་བས། དེ་རིང་བོད་མི་ཉུང་ཤས་དེས་རྒྱ་ནག་དང་འཛམ་གླིང་མི་མང་ལ་རྒྱ་མིས་བོད་བཙན་བཟུང་བྱས་པའི་དཀའ་རྙོག་དང། བཙན་བྱོལ་བོད་མིའི་ཁྲོད་བོད་རང་བཙན་སླར་གསོའི་འགུལ་སྤྱོད་ཤི་མེད་པའི་བརྡ་ལན་གསལ་སྟོན་ཐུབ་སོང་བསམས་པའི་བློ་ཁ་ཅུང་འཚིམས་པོ་བྱུང་།
སྤོ་ཚུང་དོན་གྲུབ་ལྷ་དར་གྱིས་ཕྱི་ལོ ༢༠༡༦། ༤། ༢ དགོང་མོར།།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up