རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ལྡི་ལིར་འཚོགས།

༢༠༡༥ ལོའི་ཕྱི་ཟླ་༥ ཚེས་༢༣ ཉིན་སྟེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་རྒྱ་བོད་བར་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་དགོས་བྱུང་བའི་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་རེད།

ཚོགས་ཆེན་དེ་བོད་མི་སྒེར་པ་ཁག་ཅིག་གིས་གོ་སྒྲིག་བྱས་ཡོད་པ་དང་། ཚེས་༢༣ དང་༢༤ ཉིན་གཉིས་རིང་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌོག་ཊར་ཀཱུ་མར་དང་། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་བཅས་ཕེབས་ཡོད་པ་རེད། ཚོགས་འདུ་དངོས་གཞིའི་ནང་དུ་རྒྱུན་ལྡན་བོད་རང་བཙན་འཐབ་རྩོད་དགོས་པའི་ལྟ་བ་ལངས་ཕྱོགས་འཛིན་མཁན་གྱི་མི་བརྒྱ་མ་ཟིན་ཙམ་ཞིག་རྒྱ་གར་གཙོས་བལ་ཡུལ་དང་། ཨ་རི། ཡུ་རོབ་བཅས་ནས་ཚོགས་ཞུགས་བྱས་ཡོད་པ་རེད། ཉིན་གཉིས་རིང་གི་ཚོགས་ཆེན་དེ་གཙོ་བོ་ཚོགས་ཞུགས་པ་ནང་ཁུལ་བགྲོ་གླེང་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་། དེ་དང་མཉམ་དུ་རྒྱ་གར་གྱི་མཁས་དབང་དང་དཔོན་རིགས་ཁག་ཅིག་གིས་བོད་རང་བཙན་འཐབ་རྩོད་སྐོར་ལ་གཏམ་བཤད་གོ་སྒྲིག་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བསྟན་འཛིན་བརྩོན་འགྲུས་ཀྱིས་ངོ་སྤྲོད་གསུང་བཤད་སྐབས། རྒྱལ་སྤྱིའི་ནང་གི་གནས་སྟངས་དང་། བོད་ཀྱི་གནས་བབས་ཚང་མ་ཤེས་རྟོགས་ཡོད་པའི་ཐོག་ནས་བོད་རང་བཙན་འཐབ་རྩོད་དགོས་སྐོར་དང། བོད་མི་ནང་ཁུལ་ལ་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མ་མཐུན་པ་ཡོད་ནའང། ཚང་མས་བོད་དོན་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པས། ཕན་ཚུན་མཐུན་སྒྲིལ་དགོས་སྐོར་གསུངས་སོང་། དེ་བཞིན་བསྟན་འཛིན་བརྩོན་འགྲུས་ཀྱིས་ཚོགས་ཞུགས་པ་ཚང་མས་འགྲོ་སོང་སྒེར་ངོས་ནས་བཏང་སྟེ། ས་གནས་གང་ས་ནས་སླེབས་ཡོད་པ་དང། ཚོགས་ཞུགས་པ་མང་ཆེ་བ་བོད་རང་བཙན་ཤོར་བའི་རྗེས་ཀྱི་མི་རབས་གཉིས་པ་དེ་ཆགས་ཡོད་སྐོར་གསུངས་སོང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་གྱིས་གཏམ་བཤད་གནང་སྐབས། དུས་རྒྱུན་ཁོང་གིས་བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་གསལ་པོ་འཛིན་མཁན་ཞིག་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་ཆ་ནས་དང་། ད་ལྟ་རྒྱ་ནག་གི་འོག་ནས་བོད་མིའི་དཀའ་ངལ། མ་འོངས་མི་རབས་རྗེས་མའི་བདུན་ལམ་བཅས་གང་ལ་བལྟས་ཀྱང་། བོད་རང་བཙན་སླར་གསོའི་འཐབ་རྩོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌོག་ཊར་ཨ་རུན་ཀཱུ་མར་གྱིས་གསུང་བཤད་གནང་སྐབས། ཁོང་གིས་“བོད་དོན་འཐབ་རྩོད་ཐོག་རྒྱུས་མངའ་ཡོད་པ་མ་ཟད། སེམསraangzen་གཏིང་ནས་རྒྱབ་སྐྱོར་ཡོད་སྐོར་དང་། བོད་དེ་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་རེད། ད་ལྟ་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་ཀྱང་། བོད་མི་རིགས་ཀྱི་ལ་རྒྱ་དང་ཆོས་དང་རིག་གཞུང་སོགས་ཀྱི་ངོ་བོར་གསོན་པོར་གནས་ཡོད་པས། དེར་རྩ་མེད་དུ་གཏོང་ཐུབ་ཀྱི་མ་རེད”ཅེས་གསུངས་སོང་། ཁོང་གིས་མཐུད་གསུང་དོན། “བོད་དོན་འཐབ་རྩོད་དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པས། འཛམ་གླིང་མི་མང་ཚང་མས་རྒྱབ་སྐྱོར་འོས་པ་ཞིག་རེད། ༡༩༦༠ རྗེས་ནས་འཛམ་གླིང་ནང་རང་བཙན་ཐོབ་མཁན་གྱི་རྒྱལ་ཁབ་མང་པོ་ཡོད་པས། བོད་པའི་ངོས་ནས་ཀྱང་རང་བཙན་གྱི་དམིགས་ཡུལ་དེ་འདོར་རྒྱུ་ཡོད་པ་མ་རེད། རྒྱ་ནག་གིས་༧གོང་ས་མཆོག་དགོངས་པ་རྫོགས་རྗེས། བོད་ཀྱི་གནད་དོན་དེ་ཚར་བ་ཡིན་པར་ངོས་འཛིན་བྱས་པ་དེ་སྟོང་བསམ་རེད། བོད་རང་བཙན་ཤོར་ནས་ལོ་༦༠ ལྷག་འགྲོ་ཡི་ཡོད་ཀྱང་། ད་དུ་ཡི་ཐང་ཆད་རྒྱུ་ཡོད་པ་མ་རེད་ལ། ཐང་ཆད་ཀྱི་ཡང་མ་རེད། ཆད་ཆོག་གི་ཡང་མ་རེད། བོད་རང་དབང་རང་བཙན་གྱི་འཐབ་རྩོད་དེ་སྙིང་སྟོབས་ལྡན་པ་དང་གུས་བརྩི་བྱེད་ཀྱི་ཡོད། ལྷག་པར་དུ་དེ་རིང་འདིའི་སྡིངས་ཆའི་ཐོག་ཕེབས་པའི་ཆབ་སྲིད་བཙོན་ཟུར་མགོན་པོ་བཀྲ་ཤིས་ཀྱིས་བོད་དོན་འཐབ་རྩོད་ལ་གུས་ཞབས་བྱེད་ཀྱི་ཡོད་”ཅེས་སོགས་གསུངས་སོང་།

གོ་སྒྲིག་ཚོགས་ཆུང་གིས་རང་བཙན་ཚོགས་ཆེན་འདི་འཚོགས་དགོས་དོན་གཙོ་བོ་གང་ཡིན་སྐོར་འགྲེམས་སྤེལ་བྱས་པའི་ནང་འཁོད་དོན། ཕྱི་ཟླ་༥ ཚེས་༢༣ ཉིན་འདེམས་དགོས་དོན་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། ༡༩༥༡ ལོའི་ཕྱི་ཟླ་༥ ཚེས་༢༣ ཉིན་བོད་རྒྱ་བར་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བ་བོད་མི་ཚོས་མི་འདོད་བཞིན་དུ་རྒྱའི་བཙན་འོག་ནས་ས་རྟགས་རྒྱག་དགོས་བྱུང་བ་ནི་ལོ་རྒྱུས་ནང་དུ་གསལ་བ་བཞིན་ཡིན་པས། གྲོས་མཐུན་དེར་ངོས་ལེན་མེད་པའི་མཚོན་བྱེད་དུ་ཡིན་འདུག

དེ་བཞིན་ད་ལྟ་བོད་རྒྱ་བར་གྲོས་མཐུན་དོན་ཚན་༡༧ ཞེས་པ་བཞག་ནས། ལོ་༦༤ འཁོར་གྱི་ཡོད་ནའང་། རྒྱ་ནག་གིས་བོད་ནང་གཉའ་གནོན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང་། བོད་མི་ཚོས་བཙན་འོག་ནས་རྒྱ་རྒོལ་རྒྱུན་ཆད་མྱོང་མེད་པ་མ་ཟད། བོད་རང་བཙན་འཐབ་རྩོད་ཀྱི་དམིགས་ཡུལ་བརླགས་མེད་ལ། བཙན་འོག་ནས་བོད་ཀྱི་དཔའ་བོ་དཔའ་མོ་མང་པོའི་ཚེ་སྲོག་ཤོར་བའི་ལོ་རྒྱུས་དང་། མི་མང་བྱིངས་ལ་མནར་གཅོད་བཏང་དང་གཏོང་བཞིན་པའི་བརྒྱུད་རིམ། རང་ས་རང་ལ་མི་དབང་བའི་དབང་བསྒྱུར་ལམ་ལུགས་ལ་ངོ་རྒོལ་ཡོད་པ་གསལ་སྟོན་བྱེད་དགོས་པ་རེད། རྒྱ་བོད་བར་གྱི་འཐབ་རྩོད་འདི་དབང་བསྒྱུར་བྱེད་མཁན་དང་དབང་བསྒྱུར་བྱེད་ཡུལ་བར་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་བདག་དབང་གི་ཐོབ་ཐང་ཆེད་དུ་ཡིན་པ་སྨྲོས་མ་དགོས། བཙན་གནོན་འོག་བོད་མི་ཚོ་གཉའ་ཞུIMG_5819མ་མྱོང་མེད་ལ། ཇི་སྲིད་བོད་མི་མང་ལ་རྒྱལ་ཁབ་ཀྱི་བདག་དབང་བསྐྱར་གསོ་མ་ཐུབ་པར་དུ། ‘ཤི་བོའི་ཁ་ཆེམས། གསོན་པོའི་རེ་བ་’བོད་རང་བཙན་གྱི་མངོན་འདོད་འདི་བརླགས་མི་ཉན་ལ་བརླགས་ཀྱང་མི་སྲིད་པ་ཞིག་རེད། རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བོད་ཀྱི་དཔའ་བོ་དཔའ་མོ་གྲངས་མེད་ཀྱིས་བོད་དོན་འཐབ་རྩོད་ཆེད་རང་སྲོག་བཏང་བ་རྣམས་ལ། ད་ལྟའི་མི་རབས་ཀྱིས་རྗེས་དྲན་དང་། འཐབ་རྩོད་མུ་མཐུད་བྱེད་དགོས་སྐོར་གོ་སྒྲིག་ཚོགས་ཆུང་གིས་འགྲེལ་བརྗོད་བྱས་འདུག །

 

 

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up