བོད་རང་བཙན་སླར་གསོ་བྱ་རྒྱུར་ཐོབ་ཐང་དང་གོ་སྐབས་གཉིས་ཀ་ཡོད།

ཐོག་མར་གླེང་སློང་བ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་རང་བཙན་དུས་དེབ་ཀྱི་རྩོམ་སྒྲིག་པའི་མཚན་ཐོག་ནས། “བོད་རང་བཙན་ནི་བོད་མིའི་མཐར་ཐུག་གི་དམིགས་ཡུལ་ཡིན་”ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་ཅིག་འབྲི་དགོས་ཞེས་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡ འཁོད་པ་ཞིག་ཡིག་ཐོག་ནས་སྐུལ་མ་གནང་སོང་ཡང། ལས་བྲེལ་སྣེ་མང་ལ་བརྟེན་དུས་ཁོམ་མ་བྱུང་བར་ཡུན་རིང་ཙམ་འགོར་སོང་ལ། ལྷག་དོན་དུ་གུས་པར་མཚོན་ན་ལོ་རྒྱུས་ཞིབ་འཇུག་པ་དང་ཆབ་སྲིད་མཁས་ཆེན་དེ་འདྲ་གང་ཡང་མིན་པས་རྩོམ་ཡིག་འདིས་ཀློག་མཁན་རྣམས་ལ་ཕན་ཐོགས་ཡོད་མེད་ཐད་རང་ཉིད་ལའང་གདེང་སྤོབས་ཆེན་པོ་གང་ཡང་མེད། འོན་ཀྱང་རང་ཉིད་བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་སེམས་གཏིང་ལ་སྲ་འཐས་སུ་འཇགས་ཟིན་པ་ཞིག་ཡིན་པ་མ་ཟད། རང་ཉིད་ཀྱིས་གང་བསམ་པ་དེ་ཁ་ཞེ་གཉིས་མེད་ཀྱིས་ཤོད་པ་དང་འབྲི་བ་ལས། རང་ཉིད་ཀྱི་བསམ་ཚུལ་དང་ལངས་ཕྱོགས་ངོ་མ་དེ་ཟུར་དུ་བཞག་ནས། སྐད་ཆ་དང་རྩོམ་ཡིག་ལ་མཛེས་ཚོན་འདྲ་མིན་བྱུགས་ནས་ཁེ་ཕན་ཉི་ཚེ་བ་རེ་ཟུང་རག་ཐབས་བྱེད་པའི་གོམས་གཤིས་དེ་མེད་སྟབས་རང་ཉིད་ཀྱི་བསམ་ཚུལ་གང་ཡིན་པ་དེ་བསྐྱར་དུ་བརྗོད་འདོད་བྱུང། སྤྱིར་ངས་དེ་རིང་བྲིས་པ་འདི་ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༢༨ ཉིན་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རང་བཙན་བགྲོ་གླེང་སྐབས་གཏམ་བཤད་ཀྱི་རགས་ཟིན་ཡིག་ཐོག་ཏུ་བཀོད་པ་དེ་ལ་འཕྲི་སྣོན་དགོས་པ་ཁག་བྱས་ནས་རྩོམ་ཡིག་གི་ངོ་བོར་བསྒྱུར་བ་ཞིག་ཡིན།

འོན་ཀྱང་ཕྱི་ལོ་༢༠༡༣ ལོར་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ཚོགས་འདུ་འཚོག་ཐུབ་མེད་པས། ངའི་རྩོམ་ཡིག་འདི་ཡང་བརྒྱུད་ལམ་གང་དུའང་མ་བཀོད་པར་ད་བར་རང་སོར་ལུས། ལོ་འདིར་སླར་ཡང་ན་གཞོན་ཁག་ཅིག་གིས་དང་བླངས་གོ་སྒྲིག་འོག་རྒྱ་གཞུང་གི་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་མི་ལོ་ཧྲིལ་པོ་༦༤ འཁོར་བའི་ཉིན་མོར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་ཚོགས་ཁང་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རང་བཙན་ཚོགས་འདུ་རྒྱས་པ་ཞིག་གོ་སྒྲིག་བྱ་རྒྱུ་དང་སྐབས་དེར་རྩོམ་ཡིག་ཅིག་ཡོད་ན་ལེགས་པའི་དགོངས་ཚུལ་གསུངས་པར་བརྟེན། སྔོན་མའི་རྩོམ་ཡིག་འདི་ལ་སྣོན་འཕྲི་ཅུང་ཙམ་ཞུས་ནས་ཕུལ་བ་ཡིན། ངས་འདིར་གང་བཤད་པ་དག་རང་ཉིད་སྒེར་གྱི་ལྟ་ཚུལ་ཡིན་པ་ལས་གཞུང་སྒེར་གྱི་སྒྲིག་འཛུགས་ཆེ་ཆུང་སུ་གང་གི་ཚབ་མཚོན་རང་བཞིན་ཅན་ཞིག་མིན་པའང། ཀློག་མཁན་རྣམས་ཀྱིས་ངེས་པར་དུ་ཐུགས་ལ་ངེས་དགོས་པ་ཞིག་རེད།

དང་པོ། ལོ་རྒྱུས་ཀྱི་གནས་སྟངས་ལ་གཞིགས་ནས་བོད་རང་བཙན་སླར་གསོ་དགོས་པ།

ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་བོད་དེ་ཉིད་རང་བཙན་རྒྱལ་ཁབ་ཏུ་གནས་ཡོད་པ་ཙམ་དུ་མ་ཟད། སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་ཡོད་པ་རེད། སྐབས་དེ་དུས་ཀྱི་གནས་སྟངས་རྒྱ་ནག་གཞུང་གིས་ཀྱང་དེང་སྐབས་ཁས་ལེན་བྱེད་བཞིན་ཡོད་པས་རྒྱས་བཤད་དགོས་དོན་གང་ཡང་མེད།

བར་ལམ་ནས་བཟུང་རྒྱ་ནག་གཞུང་གིས་ཡོན་རྒྱལ་རབས་ཀྱི་དུས་སུ་བོད་རྒྱ་ཁོངས་སུ་སོང་བ་ཡིན་ཚུལ་ལོག་འགྲེལ་བྱེད་བཞིན་ཡོད་ཀྱང༌། དོན་དངོས་ཐོག་སོག་པོས་རྒྱ་ནག་ཡོངས་རྫོགས་ལ་དབང་བསྒྱུར་བྱས་པ་དང༌། ད་ལྟའི་ཆར་རྒྱ་ནག་གི་ལོ་རྒྱུས་ནང་ལྟས་ངན་གཡང་བསྒྱུར་གྱི་ཐོག་ནས་དེ་ལ་ཡོན་རྒྱལ་རབས་ཟེར་གྱི་ཡོད་པ་རེད། རྒྱ་ནག་གི་ཡོན་རྒྱལ་རབས་ཟེར་བའི་སོག་པོས་རྒྱ་ནག་ལ་དབང་བསྒྱུར་བའི་རྒྱལ་རབས་དེ་ཕྱི་ལོ་༡༢༧༩ རབ་བྱུང་ལྔ་པའི་ས་ཡོས་ལ་གཞི་ནས་འགོ་ཚུགས་པ་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཡུལ་ཡོངས་རྫོགས་ལ་དབང་བསྒྱུར་བའི་ལོ་ཚིགས་སམ། ཧོར་སེ་ཆེན་རྒྱལ་པོ་ཀུབ་ལའི་ཁཱང་གིས་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་བ་རེད་ཅེས་པའི་ལོ་དེ་ཕྱི་ལོ་༡༢༥༣ བོད་རབ་བྱུང་བཞི་པའི་ཆུ་གླང་ལོ་ཡིན་པ་ཡོངས་གྲགས་ཡིན་པས་དེའི་བར་མི་ལོ་ཧྲིལ་པོ་༢༦ གི་ཁྱད་པར་ཡོད་པས་རྒྱ་ནག་གི་འཁྱོག་བཤད་དེ་ལ་གཞི་རྩ་གང་ཡང་མེད་པ་གསལ་པོར་གྱུར་ཟིན།

རྒྱ་དམར་དྲག་གཞུང་གིས་ད་ལྟའི་ཆར་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་ཏཱ་ལའི་བླ་མ་ཞེས་པའི་མཚན་དེ་ཀྲུང་དབྱང་སྲིད་གཞུང་གིས་གནང་བ་དང༌། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏཱ་ལའི་རིམ་བྱུང་གིས་བོད་ས་གནས་སྲིད་གཞུང་དབང་བསྒྱུར་ཚུལ། ལྷག་པར་དུ་དུས་རབས་བཅུ་བདུན་པའི་ནང་དུ་ཆིང་གོང་མས་ཏཱ་ལའི་སྐུ་ཕྲེང་ལྔ་པ་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་དུ་བསྐོས་ཚུལ་སོགས་ཤོད་ཀྱི་ཡོད་པ་རེད། དོན་དངོས་ཐོག་ྋགོང་ས་སྐུ་ཕྲེང་ལྔ་པས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་དེ་ཉིད་ཕྱི་ལོ་༡༦༤༢ རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་དབུ་བརྙེས་ཟིན་པ་དང༌། ཆིང་རྒྱལ་རབས་དེ་ཕྱི་ལོ་༡༦༤༤ རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་ལ་གཞི་ནས་འགོ་ཚུགས་པ་རེད། གོང་ས་ལྔ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་ཀྱི་འགན་དབང་ཡོངས་སུ་བཞེས་ནས་ལོ་གཉིས་ཀྱི་རྗེས་སུ་ཆིང་རྒྱལ་རབས་སམ། མན་ཇུའི་རྒྱལ་རབས་དེ་འགོ་ཚུགས་པ་རེད། དེར་བརྟེན་གནད་དོན་དེ་ཚོའི་རིགས་དེ་དངོས་སུ་བྱུང་བའི་ལོ་རྒྱུས་ཡིན་པ་ལས་ཧམ་བཤད་བྱས་པ་ཞིག་མིན་པ་ལོ་རྒྱུས་ནས་ཤེས་ཐུབ།

ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་༡༩༡༣ རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་བོད་རང་བཙན་གྱི་རྩ་ཚིག་ཁྱབ་བསྒྲགས་གནང་ཡོད་པ་དང༌། དེའི་ནང་གི་ཚིག་གཅིག་གཉིས་ཤིག་ལུང་དྲངས་ན། “བསིལ་ལྡན་རྭ་བ་དཀར་པོས་ཁོར་ཡུག་ཏུ་བསྐོར་བའི་སྨན་ལྗོངས་ཆེན་པོ་འདིའི་ཁོངས་སུ་གཏོགས་པའི་སྐྱེ་བོ་སེར་སྐྱ་དྲག་ཞན་བར་པ་བཅས་དང༌། བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་མཐའ་དག་ལ་བཟློ་བ། འཕགས་པའི་ཡུལ་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདིས་ཇི་ལྟར་ལུང་དུ་བསྟན་པ་ལྟར་བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བཞིན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ད་ལྟའི་བར་སྐྱེ་ཕྲེང་ཟམ་མི་ཆད་པ་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་གིར་བཞེས་ཏེ་འགྲོ་བ་རྣམས་ལ་གང་འདུལ་གྱི་ཐབས་དང༌། ཐུགས་རྗེ་ཆེན་པོས་རྟག་ཏུ་སྐྱོང་ཞིང༌། སྔར་ཇིང་གི་སི་ཁང་དང༌། ཨན་ཐན་རྒྱལ་པོ་སོགས་སོག་དུས་དང༌། མིང་སོགས་རྒྱ་རྒྱལ་རིམ་བྱོན། ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་མན་ཇུ་གོང་མ་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་གནས་བཅས”ཞེས་སོགས་འཁོད་ཡོད་པ་རེད། གོང་གི་ཚིག་དུམ་དེས་ག་རེ་སྟོན་གྱི་ཡོད་པ་རེད་ཅེ་ན། བོད་གངས་རིའི་ལྗོངས་སམ་བོད་ཡུལ་ཡོངས་རྫོགས་གཅིག་གྱུར་གྱིས་རང་བཙན་ཡིན་པ་དང༌། སོག་པོ་དང་རྒྱ་ནག་གི་དཔོན་རིགས་ཁག་དང་མཆོད་ཡོན་བླ་སློབ་ཀྱི་འབྲེལ་བ་བྱུང་ཡོད་ཀྱང། རྒྱ་ནག་མན་ཇུའི་གཞུང་གིས་བར་ལམ་ནས་བོད་ཡུལ་ཁག་ཅིག་ལ་བཙན་འཛུལ་བྱས་པ་དང༌། མན་ཇུའི་དམག་དཔུང་ཚང་མ་ལྷ་ས་ནས་ཕྱིར་བསྐྲད་རྗེས་གནང་བའི་གསལ་བསྒྲགས་ཤིག་རེད།

མདོར་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་ནས། བོད་ས་མ་ཤོར་བའི་བར་དུ་སྲིད་དབང་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་པ་དང༌། སྐབས་རེ་འགར་ཆབ་སྲིད་ལ་དོ་སྣང་དང་ཤེས་རྒྱ་ཆུང་བའི་དབང་གིས་དོན་དངོས་རང་བཙན་རང་ཡིན་ནའང༌། རྣམ་འགྱུར་གྱི་ཐོག་ནས་མ་འདེང་བ་ལྟ་བུ་རེ་ཟུང་བྱུང་ཡོད་མོད། དོན་དངོས་ཐོག་བོད་དེ་རྒྱལ་ཁབ་སུ་གཅིག་གི་མངའ་འོག་ཏུ་སོང་མྱོང་མེད་པར་རང་བཙན་གཙང་མའི་ངོ་བོར་གནས་ཐུབ་ཡོད་པ་རེད། གོང་དུ་བརྗོད་པའི་རྒྱུ་མཚན་འདི་ཚོ་ནི་ལོ་རྒྱུས་ཀྱི་གནས་སྟངས་ཐོག་ནས་བོད་རང་བཙན་ངེས་པར་དུ་སླར་གསོ་བྱེད་དགོས་པ་དང༌། བྱེད་འོས་པའི་རྒྱུ་མཚན་དང་གདེང་སྤོབས་བཅས་རེད།

གཉིས་པ། ད་ལྟའི་གནས་སྟངས་ལ་བརྟེན་ནས་བོད་རང་བཙན་སླར་གསོ་དགོས་པ།

ད་ལྟའི་དུས་འདིར་བོད་ནང་དུ་ཡོད་པའི་བོད་རིགས་རྣམས་དུས་དང་རྣམ་པ་ཀུན་ཏུ་འཇིགས་སྐྲག་དང་མནར་གཅོད་ཀྱི་འོག་ཏུ་འཚོ་གནས་བྱེད་དགོས་པ་དང༌། བོད་ཡུལ་དེ་ཉིད་མི་སེལ་སྤེལ་ཡུལ་གྱི་ས་ཁུལ་ཞིག་ཏུ་བསྒྱུར་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་མང་པོ་ཞིག་གཏིང་ཚུགས་པའི་ཐོག་ནས་ལག་བསྟར་བྱེད་བཞིན་པ་རེད། གནས་སྟངས་དེ་དག་ལ་བརྟེན་ནས་བོད་ནང་རང་དབང་སྒེར་ལངས་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་དགོས་བྱུང་ཡོད་པ་དང༌། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་ནས་བོད་མི་མང་གིས་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང༌། ཧ་ཅང་མང་པོ་ཞིག་གིས་ཚེ་སྲོག་བློས་གཏོང་གནང་བ་དེ་དག་གི་སེམས་ཀྱི་རེ་འདུན་དེ་ཡིག་ཐོག་ཏུ་བྲིས་ནས་འཕྲེད་དར་འཕྱར་བ་དང༌། གྱང་སྦྱར་བྱས་པ། ངག་ཐོག་ནས་སྐད་འབོད་བརྒྱབ་པ་སོགས་བོད་ལ་རང་དབང་རང་བཙན་དགོས་པ་དང༌། ྋགོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་དགོས་པའི་གནད་དོན་འདི་གཉིས་ཀྱི་སྐོར་བརྗོད་ཡོད་པ་དེ་གཞིས་ལུས་མི་མང་ཡོངས་རྫོགས་ཀྱི་མངོན་འདོད་རེད་ཅེས་བཤད་མི་ཕོད་ཀྱང༌། ངོ་རྒོལ་སྐད་འབོད་ཀྱི་ཁྲོད་དུ་ཞུགས་མཁན་དང༌། ལྷག་པར་དུ་དེ་ལྟར་བརྗོད་མཁན་དེ་དག་གི་མངོན་འདོད་རེད་ཅེས་བརྗོད་རྒྱུར་ཐེ་ཚོམ་དགོས་པ་ཞིག་གང་ཡང་མ་རེད། ད་དུང་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་༡༣༨ བྱུང་ཡོད་པ་རེད། དེ་དག་གི་ཁ་ཆེམས་དང་འབོད་ཚིག་ཏུ་འཁོད་པའི་གནས་སྟངས་ལ་གཞིགས་ན་༧གོང་ས་མཆོག་བོད་དུ་གནས་གཟིགས་ཙམ་དུ་ཕེབས་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་འོས་པ་ཞིག་གཏན་ནས་མ་ཡིན་པར། གནད་དོན་འདིའི་ཐོག་ནས་བོད་རང་བཙན་སླར་གསོ་བྱེད་དགོས་པའི་སྐུལ་འདེད་ཆེན་པོ་ཞིག་བྱས་པ་རེད།

ཕྱི་ལོ་༡༩༧༩ ལོར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་བརྒྱུད་ནས་ཏིང་ཞོ་ཕིང་གིས་རང་བཙན་མ་བརྩད་ན་ག་རེ་ཡིན་ཡང་གྲོས་མོལ་བྱེད་ཆོག་ཅེས་ངག་ཐོག་ནས་ལན་ཞིག་བསྐུར་བ་ལ་བརྟེན་ནས། ད་བར་སྐུ་ཚབ་དང་གཟིགས་སྐོར་སོགས་སྔ་ཕྱི་ཐེངས་༢༠ ལྷག་ཅིག་ཕེབས་ཡོད་པ་དང༌། ད་ལྟའི་བར་དུ་མི་ལོ་༣༠ ལྷག་ཙམ་ཞིག་འདས་ཟིན་ཀྱང། དེའི་རིང་ལ་ང་ཚོར་རྒྱ་ནག་གཞུང་གིས་རྣམ་འགྱུར་ག་རེ་བསྟན་སོང༌། རྒྱ་ནག་གཞུང་གིས་ཐག་གཅོད་ག་རེ་བྱས་སོང། དེ་ཚོ་ཞུ་མི་དགོས་པར་ཚང་མའི་སེམས་ལ་གསལ་ཐག་ཆོད་རེད། ང་ཚོས་རང་བཙན་མ་བརྩད་ཀྱང་ཏིང་ཞོ་ཕིང་གིས་ག་རེ་སྤྲད་སོང༌། ཐག་གཅོད་ག་རེ་བྱས་ཡོད་པ་དེ་ཡང་གསལ་པོ་རེད། དཔེ་མཚོན་གཅིག་ཞུས་ན་༡༩༨༡ ལོར་སྐབས་དེའི་དམར་ཤོག་དྲུང་ཆེ་ཧུའུ་ཡོ་པང་གི་མིང་ཐོག་ནས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་བརྒྱུད་ནས་བཙན་བྱོལ་བོད་གཞུང་ལ་དོན་ཚན་ལྔ་ཅན་ཞིག་ཕུལ་བ་རེད།

དོན་ཚན་ལྔ་དེ་བོད་དོན་གྱི་ཐོག་ལ་གུ་ཡངས་ཤོས་སུ་བརྩི་བ་དམར་ཤོག་དྲུང་ཆེ་འདས་པོ་ཧུའུ་ཡོ་པང་གི་མཚན་ཐོག་ནས་བཏང་བ་རེད། མདོར་ན་དེའི་ནང་དུ་ྋགོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལས། བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་སྐད་ཆ་ཚིག་གཅིག་ཡོད་པ་མ་རེད་ལ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་རྗེས་སུ་གསལ་བསྒྲགས་སྤེལ་བའི་ནང་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ལས་བོད་ཀྱི་གནད་དོན་སྐོར་ལ་སྐད་ཆ་གང་ཡང་ཤོད་ཀྱི་ཡོད་པ་མ་རེད། བོད་ཀྱི་གནད་དོན་ཟེར་བ་ཞིག་ཀྱང་མེད་ཅེས་བསྒྲགས་པ་བཞིན་ད་བར་རྒྱ་གཞུང་གིས་འགོ་ཁྲིད་ལ་འགྱུར་བ་ག་ཚོད་སོང་ཡང༌། བོད་ཀྱི་གནད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་སོང་མེད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་རྒྱ་གཞུང་ལ་རེ་བཅོལ་ཁོ་ན་ལ་བརྟེན་ནས་ངང་སྒུག་བྱས་ནས་འབད་མེད་ལྷུན་འགྲུབ་ཀྱི་གྲུབ་འབྲས་བཟང་པོ་ཞིག་གང་ཡང་སོན་རྒྱུ་མེད་པ་རྒྱ་དམར་དྲག་གཞུང་གི་བྱེད་སྟངས་སྤྱི་དང་ལྷག་པར་ཉེ་ཆར་རྒྱ་དམར་གཞུང་གིས་སྤེལ་བའི་བོད་དོན་སྐོར་གྱི་རྒྱབ་ཤ་དཀར་པོ་ཟེར་བའི་ཡིག་ཆ་དེའི་ནང་དོན་ཆ་ཚང་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། དེར་བརྟེན་རེ་བ་བཟང་ས་ནས་རྒྱག་དགོས་པ་དང། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

གསུམ་པ། མ་འོངས་པའི་ཁེ་ཕན་ལ་བརྟེན་ནས་བོད་རང་བཙན་སླར་གསོ་དགོས་པ།

མ་འོངས་པར་རྒྱ་ནག་གཞུང་གི་འོག་ཏུ་རྒྱ་མི་རིགས་དང་མཉམ་གནས་དགོས་ན་ང་ཚོའི་བུ་རབས་ཚ་བརྒྱུད་དུའང་རྒྱ་མི་རིགས་ཀྱི་མནར་གཅོད་དང་གཉའ་ནོན་གཏོང་རྒྱུའི་ལམ་ཁ་ཞིག་མུ་མཐུད་བསྐྲུན་པ་ལྟ་བུར་འགྱུར་ངེས་པ་དང༌། རྒྱ་གཞུང་གིས་ཡིག་ཐོག་ནས་དོན་དག་ཁ་ཤས་སྤྲོད་ཀྱི་ཡིན་ཞེས་ཁས་ལེན་བྱེད་སྲིད་པའི་དབང་དུ་བཏང་ཡང༌། དེ་དོན་ལ་གནས་ཐབས་མེད་པ་ཉེ་བའི་ལོ་རྒྱུས་ལ་བལྟས་ན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་རྒྱ་གཞུང་གི་འདོད་པ་ལྟར་བཞག་ཀྱང༌། ཡིག་ཐོག་ཏུ་བཀོད་པ་ཙམ་ལས་དོན་དངོས་ལག་བསྟར་བྱས་མེད་སྟབས་རྒྱ་གཞུང་གིས་ཡིག་ཐོག་ནས་བཤད་ནའང་རུང༌། ངག་ཐོག་ནས་བཤད་པ་གང་ཡིན་ཡང་ཡིད་ཆེས་བྱེད་ཐུབ་པའི་གདེང་ཚོད་སུའང་མེད་ལ། ངའི་བསམ་བློའི་ནང་དུ་རྒྱ་མི་རིགས་དང་མཉམ་དུ་གནས་ཐུབ་ཐབས་ཡོད་པ་མ་རེད་བསམ་པ་དེ། རྒྱ་ནག་གི་དར་ཆ་དམར་པོའི་འོག་ནས་འཚར་ལོངས་བྱུང་བའི་ཉམས་མྱོང་ལ་བརྟེན་ནས་བརྗོད་པ་ཡིན།

མི་མང་པོ་ཞིག་གི་སེམས་སུ་བོད་ལ་རང་བཙན་རག་མི་སྲིད་པ་དང༌། རང་བཙན་རག་ཀྱང་འཛིན་སྐྱོང་བྱེད་མི་ཐུབ་པའི་བསམ་ཚུལ་ཞིག་ཤོད་ཀྱི་ཡོད་པ་རེད། དོན་དངོས་ཐོག་སྟོབས་ཆེན་ཨ་རི་ལྟ་བུ་ཞིག་བོད་རྒྱལ་ཁབ་དེ་ཉིད་ཡར་རྒྱས་ཡོང་ཐབས་མེད་ལ། ཡོང་དགོས་པའི་རེ་བ་དེ་ལྟ་བུ་བོད་པ་སུ་ལའང་མེད་ངེས་རེད། ཆུང་ས་ནས་བལྟས་ན་ང་ཚོའི་ཁྱིམ་མཚེས་འབྲུག་རྒྱལ་ཁབ་ལས་ལྷག་ཙམ་ཞིག་བོད་མི་རིགས་ཀྱིས་ཀྱང་རང་ཉིད་ཀྱི་རྒྱལ་ཁབ་འཛིན་སྐྱོང་བྱེད་ཐུབ་པའི་ཡིད་ཆེས་ཡོད་ལ། ད་ཆ་བོད་ཕྱི་ནང་གཉིས་སུ་གཞོན་སྐྱེས་མི་རབས་གསར་པ་གནའ་དེང་གི་ཤེས་ཡོན་ཡོད་མཁན་དེ་དག་གི་ལྟ་ཚུལ་དང། མཐོང་རྒྱ། ཉམས་མྱོང་གང་ཐད་ནས་བོད་མི་རིགས་ལ་རེ་བ་གསར་པ་ཞིག་བསྐྲུན་ཡོད་པ་དང༌། མ་འོངས་པར་ཡང་མི་རབས་གསར་པ་སྐྱེད་སྲིང་བྱེད་ཕྱོགས་ལ་གྲ་སྒྲིག་ངེས་ཅན་དགོས་པ་གལ་ཆེན་པོ་རེད། བོད་མི་རིགས་ལ་རང་དབང་རང་བཙན་ཚད་ལྡན་ཞིག་རག་ཐུབ་ན། བོད་དེ་ཆོས་སྲིད་གཉིས་ལྡན། དཔལ་འབྱོར་དང་འཛུགས་སྐྲུན་སོགས་མཐའ་གཉིས་སུ་མ་ལྷུང་པར་ཞི་བདེ་ཅན་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་བསྐྲུན་དགོས་པ་དེ་ང་ཚོའི་དམིགས་འདུན་གཙོ་བོར་འཛིན་དགོས་པ་ཞིག་རེད། ངའི་སེམས་ངོར་དེ་ནི་དེང་དུས་ཀྱི་རྡུལ་ཕྲན་མཚོན་ཆ་སོགས་རྫས་འཕྲུལ་གྱི་ཐོག་ནས་ཡར་རྒྱས་སུ་སོང་བ་ལས་ཀྱང་ལྷག་པའི་ལྟ་ཚུལ་འཛིན་གྱི་ཡོད། མ་འོངས་པའི་བོད་དེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུའི་རེ་བ་དང་ནུས་པ་གཉིས་ཀ་མེད་ལ། ཆགས་དགོས་པ་ཞིག་ཀྱང་མ་ཡིན་པར་ཁོར་ཡུག་དང་གནས་སྟངས་ལ་དཔག་པའི་ཞི་བདེ་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་བསྐྲུན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

བཞི། རྒྱལ་སྤྱིའི་གནས་བབས་ལ་གཞིགས་ནས་རང་བཙན་རྩོད་ལེན་དགོས་པ།

ད་ལྟའི་དུས་འདིར་བོད་དོན་འཐབ་རྩོད་ཀྱི་གནས་བབས་རྒྱལ་སྤྱིའི་གནས་སྟངས་དང་བསྟུན་དགོས་པའི་བསམ་ཚུལ་ཡོད་མཁན་བོད་པའི་ནང་ཧ་ཅང་མང་པོ་རེད། འོན་ཀྱང་དེ་བས་ཀྱང་གལ་ཆེ་བ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་དེས་ཆོད་སེམས་དང་སེམས་ཤུགས་ལ་གཙོ་བོ་རག་ལས་པ་ལས། རྒྱལ་སྤྱིའི་གནས་བབས་ཁོ་ན་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཁོ་ན་ལ་བརྟེན་ནས་རང་བཙན་རྩོད་ལེན་བྱེད་ཐུབ་པ་ཞིག་མིན། འོན་ཀྱང་རྒྱལ་སྤྱིའི་གནས་བབས་ཀྱི་ཐོག་ནས་བོད་ལ་རང་བཙན་ངེས་པར་འཐོབ་འོས་པ་དང་འཐོབ་དགོས་པ་ཞིག་ཡིན་པ་གནས་སྟངས་ཁ་ཤས་ཀྱི་ཐོག་ནས་ར་སྤྲོད་བྱེད་འདོད་བྱུང།

དཔེར་ན་ཕྱི་ལོ་༡༩༥༩ བོད་ཀྱི་རང་བཙན་ཡོངས་སུ་ཤོར་བའི་ལོ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་རྒྱལ་ཁབ་གྲངས་༨༡ ལས་མེད་ཀྱང། ད་ལྟའི་ཆར་རྒྱལ་ཁབ་གྲངས་༡༩༣ ལ་སླེབས་ཡོད་པ་རེད། རྒྱལ་ཁབ་༡༡༢ ཀྱི་ནང་ནས་ཕལ་ཆེ་བ་བོད་ཀྱི་རང་བཙན་ཤོར་བའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་བྱས་པའི་རང་བཙན་རྒྱལ་ཁབ་ཆགས་པ་འབའ་ཞིག་རེད། ད་དུང་དེ་ལས་ཐག་ཉེ་ཙམ་ནས་བཤད་ན་ཕྱི་ལོ་༡༩༩༠ ནས་༡༩༩༩ བར་ལོ་བཅུ་ཁོ་ནའི་རིང་རྒྱལ་ཚོགས་ཀྱི་ཁོངས་སུ་འཛུལ་ཞུགས་ཐུབ་པ་རྒྱལ་ཁབ་གྲངས་༣༢ བྱུང་བ་དང། ཕྱི་ལོའི་དུས་རབས་༢༡ པ་ཤར་ཚུན་ཆད་ནས་ཀྱང། རྒྱལ་ཁབ་༦ རྒྱལ་ཚོགས་ཀྱི་ཁོངས་སུ་འཛུལ་ཞུགས་བྱས་པ་རེད། གནད་དོན་འདིའི་ཐོག་ནས་བཤད་ན་ང་ཚོའི་རང་བཙན་ཤོར་ནས་བཟུང་ད་བར་རྒྱལ་ཁབ་མང་པོ་འདི་འདྲ་ཞིག་གིས་རང་བཙན་རག་པ་རེད། འདི་དག་གི་ནང་ནས་ལོ་རྒྱུས་ཐོག་ནས་རང་བཙན་མིན་ཡང། མ་འོངས་པའི་དགོས་མཁོ་དང་མི་མང་གི་མངོན་འདོད་ལ་བརྟེན་ནས་རང་བཙན་བྱུང་བ་དཔེར་ན་ཕྱི་ལོ་༢༠༡༡ ལོར་སུ་ཌན་རྒྱལ་ཁབ་དེ་དུམ་བུ་གཉིས་སུ་གྱུར་ནས། ལོ་དེའི་ཟླ་༧ ཚེས་༡༤ ཉིན་ལྷོ་སུ་ཌན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ལེན་ཡོད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད། གནས་སྟངས་འདི་དག་གི་ཐོག་ནས་བཤད་ན་བོད་ཀྱི་རང་བཙན་ཤོར་ནས་ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་ཐོབ་པའི་རང་བཙན་ཅན་གྱི་རྒྱལ་ཁབ་༡༡༢ བྱུང་ཆོག་ས་ནས། བོད་རྒྱལ་ཁབ་ལ་རང་བཙན་གཏན་ནས་རག་མི་སྲིད་པའི་རྒྱུ་མཚན་གང་ཡང་མེད་ལ། གནད་དོན་འདི་དག་ནི་སྟོང་བསམ་ཙམ་མ་ཡིན་པར་མིག་མདུན་དུ་བྱུང་བའི་དངོས་ཡོད་གནས་ཚུལ་འབའ་ཞིག་ཏུ་གྱུར་ཡོད། བོད་ཀྱི་རང་བཙན་སླར་གསོ་ཐུབ་མིན་དེ་བོད་མི་རིགས་ཀྱི་སེམས་ཤུགས་དང་ཆོད་སེམས་འབའ་ཞིག་ལ་རག་ལས་པ་མ་གཏོགས་རྒྱལ་སྤྱིའི་གནས་བབས་ཐོག་ནས་ང་ཚོ་ལ་ལམ་སྟོན་ནམ་མིག་དཔེ་བལྟ་ས་ཧ་ཅང་གསལ་པོར་གྱུར་ཟིན་པས། བོད་རང་བཙན་སླར་གསོ་བྱ་རྒྱུ་དེ་ཐོབ་ཐང་ཡོད་ལ་གོ་སྐབས་ཀྱང་ཡོད་པ་ཞིག་རེད། མཐའ་དོན་བོད་ལ་རང་དབང་རང་བཙན་གྱི་ཉི་མ་མྱུར་དུ་ཤར་ནས་གཞིས་བྱེས་མཉམ་འཛོམས་ཡོང་བ་དང། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འཁོད་ཅིང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་དང་བཅས།

གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡༤ ཉིན་བྲིས་པ་དེ་ལ་ཕྱི་ལོ་༢༠༡༥ ཟླ་༥ ཚེས་༧ ཉིན་བསྐྱར་དུ་ཁ་སྣོན་ཅུང་ཙམ་བྱས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up