ན་ནིང་ཡར་ལངས་ཀྱི་རྗེས་རྒྱ་མིས་རྒྱབ་སྐྱོར་རྩོམ་ཡིག་བྲིས་པ་རེད།

རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལཌ་སུ་བཅར་འདྲི།

དྲི་བ། རྒྱ་ནག་མི་མང་ལ་ཡིད་ཆེས་བརླགས་མེད། རྒྱ་ནག་མི་མང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང། རྒྱ་བོད་མཛའ་འབྲེལ་ཚོགས་པ་དེ་འདྲ་འཛུགས་ཐུབ་ན་ཞེས་ྋགོང་ས་མཆོག་གིས་གསུངས་པ་དང། བོད་པ་ཡང་མི་ཉུང་བ་ཙམ་གྱིས་རྒྱ་ནག་མི་མང་དང་མཉམ་དུ་འཆམ་མཐུན་བྱེད་ཐུབ་ཐབས་དང། མཛའ་འབྲེལ་ཚོགས་པ་དེ་འདྲ་འཛུགས་ཐབས་ལ་འབད་བརྩོན་བྱེད་མཁན་འདུག སྐུ་ཉིད་ཀྱིས་དེ་ཡིས་ཕན་ཐོགས་ཤིག་ཡོང་གི་རེད་དགོངས་ཀྱི་འདུག་གམ།
ལན། སྤྱིར་བཏང་བྱས་ན་མི་རིགས་ཕན་ཚུན་འཆམ་པོ་བྱེད་པ་དང། ཕན་ཚུན་བསྟུན་པ་དེ་ཡག་ཤོས་རེད། དེ་སུ་གང་གིས་མ་རེད་བཤད་ཐུབ་ཀྱི་མ་རེད། ྋརྒྱལ་བ་རིན་པོ་ཆེས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་བོད་པས་ཕར་རྒྱ་མི་ལ་སྡུག་པོ་གཏོང་གི་ཡོད་པ་མ་རེད། ང་ཚོས་ཕར་བསྟུན་རྒྱུ་མ་རེད། རྒྱ་མིས་ཚུར་བསྟུན་དགོས་པ་རེད། དེ་ཡ་མཚན་པོ་ཞིག་ཏུ་མཐོང་གི་འདུག འདི་འདྲའི་སྐབས་ལ་ང་ཚོས་རྒྱ་མིར་ཁ་མཆུ་བཙུགས་ནས། ཁྱེད་རང་ཚོས་ང་ཚོའི་མི་ལ་འཆམ་པོ་བྱེད་ཀྱི་མི་འདུག བསྟུན་ཤེས་ཀྱི་མི་འདུག དེ་ཡག་པོ་མ་རེད་ཟེར་ནས་འཛམ་བུ་གླིང་གི་སྔོན་དུ་ཁོ་ཚོ་ངོ་ཚ་པོ་བཟོས་དགོས་པ་རེད། མི་ཞིག་གིས་མི་གཅིག་གསོད་ཀྱི་ཡོད་ན། ང་མ་གསོད་ལབ་ནས་སུ་གང་གིས་ཉན་གྱི་མ་རེད། དེ་ལ་ཐབས་ཤེས་ཤིག་དགོས་པ་རེད། ང་ཚོ་བོད་པའི་སྐད་ཆ་མང་པོ་ཞིག་ལ་ཐབས་ཤེས་དེ་མི་འདུག སློང་རྒྱུ་གཅིག་པུ་རེད། རྒྱ་མི་སྤྲང་པོ། བཟོ་བལྟ་ཅི་ཡང་མེད་མཁན་ཞིག་ཡིན་ནའང། རྒྱ་མི་ཡིན་པ་ཙམ་གྱིས་ཞེ་དྲག་ཅིག་འདུག་ཨ། དེ་འདྲའི་མི་རིགས་ཤིག་ལ་ང་ཚོས་བསྟུན་ནས་ཅིག་ཡོང་གི་རེད་དགོངས་པ་དེ་ངས་བསམས་ན་ཞེ་དྲག་ནོར་འཁྲུལ་མིན་འགྲོ་བསམ་གྱི་འདུག རྒྱ་མིའི་མི་གཞི་སྙིང་རྗེ་མེད་མཁན་ཞིག་རེད། མི་གཞན་པ་དང། ནང་ཁུལ་ཡིན་ནའང་འཆམ་པོ་དང། བྱམས་སྙིང་རྗེ་ཞིག་མི་འདུག ཁོང་ཚོར་ཁག་ཡོད་པ་མ་རེད། མི་ཐོག་མང་པོར་མི་འཕྲོ་བརླག་བཏང་བ་ཞིག་རེད། སྡུག་པོ་མྱངས་ཚར་བ་རེད། དཔོན་པོ་རྩུབ་དྲགས་ནས། དམག་འཁྲུག་དང། མུ་གེ། སྡུག་རིགས་ངན་ཚད་ཚང་མའི་ནང་ནས་བསྡད་ཚར་བའི་མི་རིགས་དེ་ཞེ་དྲག་འཕྲོ་བརླག་ཕྱིན་ཡོད་པ་རེད། རྒྱ་གར་ཡིན་ནའང་སྔོན་མ་མང་པོ་བྱུང་ཚར་བ་རེད། མཚམས་མཚམས་སུ་རྒྱ་གར་ནང་དུ་རྩུབ་པོ་བྱེད་པ་དེ་འདྲ་ཡོང་གི་ཡོད་པ་རེད། ཡིན་ནའང་གྷན་དྷི་ལྟ་བུ་ཡོང་ནས་ལེགས་བཅོས་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནང་ཐབས་ཤེས་བྱེད་མཁན་ཡོད་པ་མ་རེད། སྡུག་ཏུ་གཏོང་བ་ལས་མི་འདུག ངས་དེ་ནོར་འཁྲུལ་མིན་འགྲོ་བསམ་གྱི་འདུག ྋསྐུ་མདུན་ལ་རྒྱ་ནག་གི་གནས་ཚུལ་ངོ་མ་དེ་ཞུ་མཁན་མེད་པ་འདྲ། རྒྱལ་རབས་ལ་གཟིགས་མཁན་མེད་པ་འདྲ། ྋསྐུ་མདུན་གྱི་བཀའ་མོལ་གནང་བ་དེ། ང་ཚོས་རྒྱ་མི་ལ་ཐུབ་ཚོད་གཏོང་གི་ཡོད་ན། དེ་འདྲ་གསུང་དགོས་པ་རེད། རྒྱ་མི་ལ་ཉེས་རྡུང་མ་གཏོང། འཆམ་པོ་གྱིས་གསུང་དགོས་པ་རེད། ལག་པ་བརྐྱང་ན་བོད་ནང་དུ་རྐྱོང་དགོས་པ་རེད། བོད་པས་སྡུག་བསྔལ་ཆེན་པོ་མྱོང་གི་ཡོད་པ་རེད་མོད། ལག་པ་རྐྱོང་རྒྱུ་ཕར་ཞོག བོད་ནས་སྐད་བརྒྱབ་པ་དེ་འདི་ནས་ལྡོག་ཕྱོགས་ཀྱི་གོ་བ་ལེན་གྱི་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT)དེ་ཚོ་བོད་གཞུང་གི་ཡོད་ན་མེད་ན་དང། ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཡིན་ཟེར་གྱི་ཡོད་པ་རེད། ཁོང་ཚོའི་མིས། བོད་ནང་ནས་སྡུག་བསྔལ་མྱོང་གི་འདུག རང་བཙན་དགོས་ཀྱི་འདུག ྋརྒྱལ་བ་རིན་པོ་ཆེ་ཕར་ཕེབས་དགོས་ཀྱི་འདུག འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་འདུག་ཅེས་སྐད་ཆ་བཤད་པ་ལ་གོ་བ་ལོག་པའི་འགྲེལ་བ་བརྒྱབ་ནས། ཁོང་ཚོར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་རེད། དབུ་མའི་ལམ་མ་གཏོགས་དགོས་ཀྱི་ཡོད་པ་མ་རེད་ཅེས་བཤད་ན། ངས་དེ་རན་པོ་ཞིག་མཐོང་གི་མི་འདུག ལག་པ་རྐྱོང་ན་ང་རང་ཚོའི་མི་ལ་རྐྱོང་དགོས་པ་རེད། ལོ་ཆུང་བ་མང་པོས་སོ་སོའི་ལུང་པའི་ལོ་རྒྱུས་དང། རིག་གནས་ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། མ་དྲང་པ་ཞིག་སོ་སོའི་མི་ཚེའི་ནང་བྱུང། རྒྱ་མིས་ཐུབ་ཚོད་བཏང་ནས། སྐྱིད་པོ་ཡོད་པ་མ་རེད། རླུང་ལངས། བྱེད་སྟངས་མ་ཤེས་ནས་ལྷ་ས་དེ་ཚོར་ཆང་ཨ་རག་འཐུང་ནས་མི་ཚེ་སྐྱེལ་མཁན་ཁེངས་བསྡད་ཡོད་པ་རེད། དེ་ཚོར་ལག་པ་ཞིག་རྐྱོངས་དང། འདི་ནས་ཁ་པར་ཞིག་ཐོངས་དང། དེ་འདྲ་མ་བྱེད། ང་ཚོ་རོགས་པ་རྒྱ་གར་ན་ཡོད། ཁྱེད་རང་ཚོ་བརྗེད་མེད། ཁྱེད་ཚོས་ཆང་མ་འཐུང། གང་བྱུང་མང་བྱུང་མ་བྱེད། སྤྱིར་བཏང་ང་ཚོས་བསླབ་བྱ་བརྒྱབ་ན་འགྲིག་གི་མ་རེད་མོད། ཁྱེད་ཚོ་མི་གཅིག་ཤི་ནའང་ང་ཚོ་ཕངས་ཀྱི་འདུག་ཅེས་བཤད་མཁན་ཞིག་བྱུང་ན་ཕན་གྱི་རེད། ྋསྐུ་མདུན་རང་གི་ཐོག་ནས་མ་རེད་བསམ་གྱི་འདུག མི་མང་པོ་ཞིག་དབང་ཆ་ལ་ཞེད་སྣང་སྐྱེ་ཡི་འདུག རྒྱ་ནག་ལ་དབང་ཆ་དང་རྒྱུ་ཡོད་པ་རེད། དེ་ལ་རང་བཞིན་གྱིས་སྐྱོན་ཞིག་ཡོད་པ་རེད། ང་དེར་བདེ་པོ་ཞིག་མི་འདུག།

དྲི་བ། རྒྱ་ནག་གི་མང་གཙོ་དོན་གཉེར་བ་མང་པོ་ཞིག་དྷ་སར་ཡོང་ནས། བོད་པ་ལ་དགའ་པོ་འདྲ་ཞིག་བྱས། ྋརྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུ་བ་དེ་འདྲ་བྱེད་ཀྱི་འདུག ཁེ་ཕན་ག་རེ་ཡོད་པ་རེད་དགོངས་ཀྱི་འདུག
ལན། ཁོང་ཚོའི་ནང་ནས་ཡོང་སྲིད་ཀྱི་རེད་མོད། ཉམས་མྱོང་གི་ཐོག་ནས་ཞུས་ན། སྔོན་མ་གནམ་བདེ་སྒོ་མོ་ཆེའི་ཐང་ནས་གནས་ཚུལ་བྱུང་བ་རེད། དེའི་སྔོན་རྒྱ་མི་ཁ་ཤས་བྲོས་ཡོང་བ་རེད། གནམ་བདེ་སྒོ་མོ་ཆེའི་གནས་ཚུལ་གྱི་རྗེས་ནས་དྷ་སར་ཁ་ཤས་ཡོང་བ་རེད། ཝོལ་ཊི་དང། ཆཱད་ཊིན་ཁོ་ཚོས་ནིའུ་ཡོག་གི་སློབ་གྲྭ་དེ་ཚོའི་ནང་སྤོབས་པ་བྱས་ནས་ཡོང་བ་རེད། ཕྱི་རྒྱལ་མི་ལ་ཨ་གསར་ཡོད་པ་རེད། ཁོང་ཚོ་གནམ་བདེ་སྒོ་མོའི་དཔའ་བོ་རེད་ཟེར་ནས། ཁོ་རང་ཚོས་སྤོབས་པ་འདྲ་བྱས་པ་རེད། དེའི་སྐབས་དཔེ་ཤག་དཀོན་པོ་རེད། ཁོང་ཚོས་ྋསྐུ་མདུན་ས་ནས་དཔེ་ཤག་ཞུས་པ་རེད། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་བུ་མོ་སྤྱིར་བཏང་དེ་འདྲ་ཞིག་རེད་མོད། དེའི་སྐབས་མོས་ྋརྒྱལ་བ་རིན་པོ་ཆེས་སྤྲང་ཕྲུག་དེ་ཚོར་ཡ་བྱས་ནས་ཕན་ཐོགས་ཡོད་པ་མ་རེད་ཟེར།  དངོས་གནས་ཕན་ཐོགས་མ་སོང། རྒྱ་མི་ཚོས་དེའི་སྐབས་འུར་ཤོབ་ལུང་པ་གང་བྱས། ང་ཚོས་རྒྱ་ནག་མང་གཙོ་བཟོས། དེའི་རྗེས་ང་ཚོས་སྐད་ཆ་བཤད་རྒྱུ་ཡོད་པ་རེད་ཟེར། དེ་རྗེས་ཨ་རིའི་དོན་གཅོད་རིན་ཆེན་དར་ལོ་ལགས་གསར་པ་རེད། ཁོང་གིས་སྐད་ཆ་བཤད་སྐབས། ཁོ་ཚོས་ཁྱད་གསོད་བྱས་པ་རེད། ཚིག་པ་ཟ་རྒྱུ་འདྲ་རེད་འདུག ཁོ་ཚོས་འུར་ཤོབ་ཞེ་དྲག་བཤད་ཡོང་གི་འདུག རྒྱལ་རབས་དཀྱོག་དཀྱོག་བྱས་ནས་བགྲང་ཡོང་གི་འདུག སྔོན་མ་ང་ཚོས་ཁྱེད་ཚོར་རིག་གནས་སྤྲད་པ་རེད། ད་ལྟ་མང་གཙོའི་རིག་གནས་ང་ཚོས་སྤྲོད་ཡོང་ཟེར་གྱི་འདུག སྤྱིར་བཏང་ང་རྒྱ་ཡི་རིག་གནས་ལ་དགའ་པོ་ཡོད། ང་སྔོན་མ་རྒྱ་ནག་ལ་ཉམས་ཞིབ་བྱེད་སའི་ལས་ཁུངས་ཀྱི་མི་རེད། ངས་རྒྱ་མིའི་གནས་ཚུལ་ཧ་གོ་ནས་དེའི་ཐོག་བདེ་པོ་ཞིག་མི་འདུག རྒྱ་མི་གྲུང་པོ་ཡོད་པ་རེད། ངས་ཚང་མ་ལ་ཟེར་གྱི་མེད། ཝེ་ཇཱིན་སན་གྲུང་པོ་རེད། མང་གཙོའི་སྐོར་ལ་ཝང་ལི་ཞུང་ནང་བཞིན་དཀྱོག་དཀྱོག་དེ་འདྲ་མ་རེད། ཡིན་ནའང་རྒྱ་ནག་གི་གནས་ཚུལ་བོད་ཀྱི་གནས་ཚུལ་ལས་གལ་ཆེ་བ་ཡིན་པ་མཚམས་མཚམས་སུ་ཐོན་ཡོང་གི་འདུག ཚོ་ཁྲང་ཆིན་ཡག་ཤོས་འདྲ་ཞིག་རེད། ཁོས་བོད་རང་བཙན་མ་གཏོགས་སྐད་ཆ་རྩ་བ་ནས་བཤད་ཀྱི་མ་རེད། རྒྱ་མིར་ང་ཚོས་འཚེ་མེད་ཞི་བ། ཡ་རབས་ཀྱི་ཐོག་བྱེད་ཐུབ་ཀྱི་རེད། ཡིན་ནའང་ང་ཚོ་གཉའ་ཆག་པའི་རིག་གནས་ཁྱད་མཚར་ཞིག་འདུག རྒྱ་ནག་ལ་བསྟུན་ནས་ཁེ་བཟང་ཅི་ཡང་རག་གི་མ་རེད། སྔོན་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་འོག་ནས་ཡོང་མཁན་ཚོར་ང་ཚོས་འགྲོ་སོང་ཞེ་དྲག་ཕྱིན་པ་རེད། མཐའ་མ་དེར་དྲིལ་བསྒྲགས་ཀྱི་ཐོག་ནས་ཀྱང་ཅི་ཡང་རག་ཡོད་པ་མ་རེད། བར་ལམ་དེ་ནས་ཁོ་ཚོ་དྲིལ་བསྒྲགས་བྱས་བསྡད་པ་རེད། མཐའ་མ་དེར་ཕན་ཏོག་ཙམ་ཐོགས་ཡོད་ན་ངས་ནོར་བ་རེད།

དྲི་བ། བོད་ནང་ནས་ཞི་རྒོལ་བྱུང་བ་དང། རྒྱ་མི་རྩོམ་པ་པོ་མང་པོ་ཞིག་གིས་བོད་དོན་རྒྱབ་སྐྱོར་གྱི་རྩོམ་ཡིག་བྲིས་པ་དང། ྋསྐྱབས་མགོན་རིན་པོ་ཆེས་མི་མང་གིས་རྒྱབ་སྐྱོར་དགོས་པ་རེད། མི་མང་འཆམ་མཐུན་དགོས་ཀྱི་འདུག་གསུངས་ཡོད་པ་རེད། དེའི་ཐོག་དགོངས་ཚུལ་གང་ཡོད།
ལན། རྩོམ་དེ་འདྲ་འབྲི་མཁན་ཁ་ཤས་ཡོད་ཀྱི་རེད། རྒྱ་ནག་ནང་ཁོ་རང་ཚོ་ཡར་ཐོན་ཡིན་ཟེར་གྱི་ཡོད་པ་རེད། ག་རེ་བྱས་ནས་འབྲི་ཡི་ཡོད་པ་རེད། བོད་ནང་དུ་སྐད་འབོད་བརྒྱབ། ཕྱི་ལོག་ནས་སྐད་འབོད་བརྒྱབ། ཨོ་ལིམ་པིག་རྩེད་འགྲན་གྱི་དར་ཆ་འཁྱེར་དུས། དེ་ལ་ཁ་གཏད་བཅག་ནས་རྒྱ་མི་ཚོར་དོ་སྣང་ཞིག་སླེབས་པ་རེད། ཡག་ཤོས་དེ་ལས་འགུལ་སྤེལ་དགོས་པ་རེད། རྒྱ་ནག་གཞུང་ལ་ཁ་གཏད་བཅག་ནས་དཀྲུག་དཀྲུག་བཏང་ན། རྒྱ་ནག་ནང་གི་བསམ་བློ་ཅན་ཚོས་ག་རེ་ཡིན་ན་བསམས་ནས་རྩོམ་འབྲི་ཡི་རེད། ན་ནིང་ཟིང་ལངས་ནས་རྒྱ་མིས་རྒྱབ་སྐྱོར་གྱི་རྩོམ་ཡིག་བྲིས་པ་རེད། བོད་ནང་དུ་རྒྱ་ནག་མཉམ་པོར་བསྟུན་གྱི་ཡིན་ཞེས་ཟིང་ལངས་པ་མ་རེད། བོད་རང་བཙན་དགོས་ཀྱི་འདུག་ཅེས་ཟིང་ལངས་པ་རེད། ལས་འགུལ་ཆེན་པོ་ཞིག་བྱས་ན་རྒྱ་ནག་ནས་མང་གཙོ་ལ་དགའ་མཁན། གུང་ཁྲན་གཞུང་ལ་མི་དགའ་མཁན་ཚོ་མཉམ་དུ་འགྲིག་ཐབས་འབྱུང་རྒྱུ་ཡོད་པ་རེད། ད་ལྟ་ང་ཚོས་འགྲིག་ཐབས་བྱེད་རྒྱུ་དེ་ང་ཚོ་རྒྱ་ནག་ནང་སྡོད་རྒྱུ། གུང་ཁྲན་གཞུང་འགུལ་བསྐྱོད་མི་གཏོང་རྒྱུར་བཀའ་མོལ་གནང་གི་ཡོད་པ་རེད། ང་ལ་དེར་མོས་མཐུན་མེད། གུང་ཁྲན་གཞུང་གཏོར་དགོས་པ་རེད། སུས་ང་ཚོའི་ལམ་ཁ་བཀག་ན་ཁ་གཏད་གཅོག་དགོས་པ་རེད། མཉམ་དུ་རྒྱ་ནག་གི་རྩོམ་པ་པོ་དེ་འདྲ་ཐོན་གྱི་རེད་བསམ་གྱི་འདུག དེའི་ཐོག་ང་ཚོས་མཉམ་ཞིབ་ཡག་པོ་བྱས་མི་འདུག་བསམ་གྱི་འདུག ན་ནིང་རྒྱ་མི་ག་ཚོད་ཅིག་ཚིག་པ་ཟོས་ཡོད་པ་རེད། དེ་ཡག་པོ་རེད་བསམ་གྱི་འདུག དང་པོ་ངོ་སྤྲོད་བྱེད་དུས་ཡག་པོ་ཞིག་མ་བྱུང་ན། སྔོན་མ་བོད་ཁོ་རང་ཚོས་ཟོས་ཡོད་ནའང། རྒྱ་མི་མང་པོས་བོད་པ་ཧ་གོ་ཡི་ཡོད་པ་མ་རེད། ན་ནིང་བོད་ཕྱི་ནང་གཉིས་ནས་ཟིང་ལངས་དུས་བོད་ཟེར་བ་ཞིག་ཡོད་པ་ཧ་གོ་བ་རེད། བོད་མི་རྒྱ་ནག་འོག་ཏུ་སྡོད་འདོད་མེད་པ་ཧ་གོ་བ་རེད། བོད་པའི་རྒྱལ་དར་གློག་བརྙན་ནང་ནས་མཐོང་ཡོད་པ་རེད། རྒྱ་ནག་ནང་ནས་རིག་པ་ཡོད་མཁན་ཚོས་ག་རེ་བྱས་ནས་བོད་པ་ཚིག་པ་ཟ་ཡི་ཡོད་པ་རེད། སྐད་ཆ་ཞིག་འདྲི་ཡི་རེད། རྒྱ་ནག་ནང་ནས་རྩོམ་པ་པོ་དེ་ཚོས་བོད་དོན་ཐོག་བྲིས་ན། ཡག་པོ་རེད། ང་ཚོས་ལས་འགུལ་མང་པོ་ཞིག་སྤེལ་དང། རྩོམ་པ་པོ་མང་དུ་ཡོང་གི་རེད།

དྲི་བ། ཤར་ཏུར་ཀི་སི་ཐན་གྱི་ཡར་ལངས་སྐབས། ང་ཚོས་གདུང་སེམས་མཉམ་བསྐྱེད་ཡོད་པའི་ལས་འགུལ་སྤེལ་མཁན་ཡོད་པ་རེད། དེའི་ཐོག་དགོངས་ཚུལ་གང་ཡོད།
ལན། དེ་གནང་དགོས་པ་རེད། སྔོན་མ་ནས་ཡག་པོ་གནང་ཡོད་པ་མ་རེད། ང་ཚོས་སྐད་འབོད་འདྲ་བྱས་དུས་ཤིན་ཅང་མི་ཁོ་རང་ཚོས་ཞྭ་མོ་ཀོར་ཀོར་དེ་གྱོན་ནས་ཡོང་གི་རེད། རཱ་བྷེ་ཡ་ཁོང་ཚོ་བོད་པར་དགའ་པོ་རེད། སྟག་འཚེར་རིན་པོ་ཆེ་ང་ཚོར་རང་བཙན་མཐུན་ཚོགས་ཟེར་བ་ཞིག་ཡོད་པ་རེད། ནང་སོག་དང་ང་ཚོ་རྒྱ་ནག་འོག་ཏུ་སྡོད་རྒྱུ་མིན་ཞེས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཆིངས་ཡིག་བཞག་པ་རེད། དེའི་ཐོག་ང་ལ་བཀའ་བཀྱོན་གཏོང་མཁན་ཡང་བྱུང་སོང། ངས་བོད་གཞུང་གི་སྐུ་ཚབ་བྱེད་ཀྱི་མེད། བོད་ནང་ནས་རང་གཙན་དགོས་ཟེར་མཁན་ཚོའི་ཚབ་ཡིན་ལབ་པ་ཡིན། འབར་མ་དང། བྱང་ཀོ་རི་ཡ། ནང་སོག་དེ་ཚོ་ཚང་མ་རྒྱ་མིས་ཐུབ་ཚོད་གཏོང་ས་རེད། མཉམ་དུ་སྡུག་པོ་མྱོང་མཁན་ཚོར་བསྟུན་དགོས་པ་རེད།  འབར་མའི་ཨན་སང་སུན་ཅི་ཁོང་ཚོས་བོད་པར་རྒྱབ་སྐྱོར་ཡོད་པ་རེད། དཔའ་མོ་རེད། ཁོང་ཚོར་རྒྱབ་སྐྱོར་བྱེད་དགོས་པ་རེད། ན་ནིང་ཆུ་ལོག་ནང་འབར་མ་ག་ཚོད་ཤི་བ་རེད། མི་དགོས་པ་ཞིག་ལ། ན་ནིང་རྒྱ་ནག་ནང་ས་ཡོམ་བྱུང་སྐབས་སུ་ཅིག་སྤྲོད་དགོས་པ་རེད་ཟེར། རྣམ་རྟོག་རེད། ང་རང་ཚོས་རང་བཙན་རག་ན་ཁྱིམ་མཚེས་རེད། ཅིག་བྱེད་དགོས་པ་རེད། ད་ལྟ་ང་ཚོར་ག་ཚོད་ཐུབ་ཚོད་གཏོང་གི་ཡོད་པ་རེད། མི་རིགས་རྩ་མེད་གཏོང་གི་ཡོད་པ་རེད། ཕར་ཕྱོགས་བཙོན་ཁང་ལྟ་བུ་བཟོས་བཞག་ཡོད་པ་རེད། བོད་པ་རྫུན་མ་བཟོས། ཝ་ཤིང་ཊོན་དུ་ཧུའུ་ཅིན་ཐའོ་ཡོང་སྐབས། རྒྱ་མི་ཚོས་བོད་ཆས་གྱོན་ནས་ཞབས་བྲོ་འཁྲབ། ཕྱི་སྡོད་བོད་རིགས་ཚོས་གཙོ་འཛིན་ཧུའུ་ཅིན་ཐའོ་ལ་དགའ་བསུ་ཞུ་ཡི་ཡོད་པ་རེད་ཟེར། བོད་པ་དེ་ཤུལ་མེད་པ་བཟོ་རྒྱུ་དེ་རེད།

དྲི་བ། ༢༠༡༡ ལོར་བོད་ཀྱི་བཀའ་བློན་ཁྲི་པ་གསར་པ་ཞིག་འདེམས་དགོས་ཀྱི་ཡོད་པ་རེད། སྐུ་ཉིད་ཀྱིས་དེའི་ཐོག་དགོངས་པ་བཞེས་ཀྱི་ཡོད་དམ།
ལན། བསམ་བློ་བཏང་བ་ཡིན། རྩོམ་ཞིག་ཡོད། ཐུབ་བསྟན་ཁོང་ཚོས་རྩོམ་ཞིག་བཏོན་འདུག དེའི་ནང་བལྟས་དུས། མང་གཙོ་ཡིན་ཤག་འདྲ་བྱས་ནས། མང་གཙོ་ཡག་པོ་ཞིག་ང་ཚོར་གསོལ་རས་གནང། ང་རང་ཚོས་བེད་སྤྱོད་གཏོང་གི་མི་འདུག མི་མང་ཡོང་གི་མི་འདུག་ཅེས་སྡུག་སྐད་རྒྱག་གི་འདུག མང་གཙོ་མ་རེད། བོད་པའི་ནང་འཇོན་པོ་མང་པོ་ཞིག་གིས་བྱེད་འདོད་ཡོད་པ་རེད། ག་རེ་བྱས་ནས་དྷ་སར་ཡོང་གི་མེད་པ་རེད། སོ་སོས་བསམ་པ་དེ་བྱེད་སའི་ལམ་ཁ་ཡོད་པ་མ་རེད། ཟམ་གདོང་རིན་པོ་ཆེས་ཁ་སང་ཚོགས་འདུའི་ཐོག་བཀའ་བློན་ཁྲི་པའི་ལས་འགན་དངོས་གནས་དེ་ྋརྒྱལ་བ་རིན་པོ་ཆེས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུ། ྋརྒྱལ་བ་རིན་པོ་ཆེའི་ཐུགས་སེམས་ནང་དུ་གང་ཡོད་པ་རྟོགས་ནས་ལག་ལེན་བསྟར་མཁན་ཞིག་དགོས་པ་རེད། དེ་འདྲའི་བཟོ་འདྲ་ཞིག་གསུངས་འདུག དེ་མང་གཙོའི་བཀའ་བློན་ཁྲི་པ་མ་རེད། དེ་སྤྱི་ཚོགས་རྙིང་པའི་རྒྱལ་དབང་ལྔ་པ་དང། སྡེ་སྲིད་མགོ་ལེབ་དེ་ཚོའི་སྐབས་ཀྱི་དེ་རེད། སྡེ་སྲིད་དེ་ལས་འཇོན་གྱི་རེད། བཀའ་གསུང་ཅི་སྒྲུབ་གཅིག་པུ་མ་རེད། ཁོ་རང་གིས་བར་དུ་འཁྲབ་ཀྱི་རེད། དེ་མང་གཙོ་མ་རེད། གཅིག་གིས་གཅིག་ལ་རྫུན་བཤད་ནས་ཕན་ཐོགས་མི་འདུག མང་གཙོ་མིན་པ་ལ་ངོ་ཚ་དགོས་པ་མ་རེད། ང་རང་ཚོར་མང་གཙོ་དགོས་མཁོ་འདུག་གམ། དགོས་ན་སྤུས་དག་པོ་ཞིག་བླངས། མ་དགོས་ན་ཡིན་མ་ལབ། ཡིན་མདོག་མདོག་བྱས་ནས་ལོ་ཆུང་བ་མང་པོ་ཞིག་མགོ་འཐོམ་གྱི་རེད། མང་གཙོ་ཡིན་ཤག་བྱེད་ཀྱི་ཡོད་པ་རེད། མི་མང་པོ་ཞིག་གིས་ཉམས་ཞིབ་བྱེད་ཀྱི་མ་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རང་བཙན་གྱི་ལྟ་བ་ཡོད་མཁན་བཀའ་བློན་ཁྲི་པར་ཡོང་ཆོག་གི་མེད་པའི་བཟོ་འདྲ་བཤད། བོད་པའི་ནང་དབུ་མའི་ལམ་དང། རང་བཙན་འདྲ་འདྲ་ཡིན་ན་བརྒྱ་ཆ་ལྔ་བཅུ་ལ་ཐོབ་ཐང་མེད་པ་རེད། སྤྱི་འཐུས་ཀྱིས་བོད་ཀྱི་ཆབ་སྲིད་དེ་དབུ་མའི་ལམ་ལས་འགྲོ་ས་མེད་པའི་གྲོས་ཆོད་བཞག་ཡོད་པ་རེད། ངས་བསམས་ན། ཆབ་སྲིད་ཚོགས་པ་བཙུགས་ནས། ཆོལ་ཁ་གསུམ་ཚོགས་པ་ཡིན་ནའང་རེད། མང་གཙོ་ཚོགས་པ་ཡིན་ན་རེད། རང་བཙན་ཚོགས་པ་ཡིན་ནའང། ང་ཚོའི་ལྟ་བ་འདི་ཡིན། རེ་བ་ཡོད་པའི་འོས་གཞི་འདི་ཡིན་ཞེས་བཤད་རེས་བརྒྱབ་ནས། དེ་འདྲ་ཞིག་བྱུང་ན་ཡག་པོ་མེད་འགྲོ་བསམ་གྱི་འདུག གཞན་བཀའ་བློན་ཁྲི་པ་དྲུང་ཡིག་གི་རྒྱལ་པོའི་བཟོ་ལྟ་བུ། བླ་བྲང་གི་ཕྱག་མཛོད་ཆེན་པོ་ཞིག་གི་ལས་འགན་ལྟ་བུ་ལས་ཞེ་དྲག་བྱེད་རྒྱུ་ཡོད་པ་མ་རེད།

དྲི་བ། ད་ལྟ་བཙན་བྱོལ་གཞུང་གི་སྒྲོམ་གཞི་འདིའི་ནང་ནས་བཀའ་བློན་ཁྲི་པ་ག་འདྲ་ཞིག་དགོས་པ་རེད།
ལན། སྒྲོམ་གཞི་འདིའི་ནང་ཡིན་ནའང། མི་ཡག་པོ་ཞིག་སླེབས་དགོས་པ་རེད། མང་པོ་ཞིག་གིས་ཟམ་གདོང་རིན་པོ་ཆེར་འདོད་པ་འདྲ་བྱེད་ཀྱི་འདུག རིན་པོ་ཆེ་ཡག་དང་མི་ཡག་ངས་ཞུ་ཐུབ་ཀྱི་མེད། རིན་པོ་ཆེ་བཀའ་བློན་ཁྲི་པ་གནང་ཚར་དུས་ཚང་མ་འགྱུར་བ་བཏང་སོང། འགྱུར་བ་གཏོང་རྒྱུ་སྔོན་ནས་ཉམས་ཞིབ་བྱས། མི་ལ་གྲོས་བསྡུར་བྱས། ཡང་ལྗིད་བཀྱག་རྒྱུ་དེ་ཚོ་དགོས་པ་རེད། སྔོན་མ་ནས་ལས་ཀ་བྱེད་མྱོང་མཁན། འགན་འཛིན་ཐུབ་མཁན། བརྟན་པོ་ཞིག་དགོས་ཀྱི་འདུག ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་མཁན་ཡིན་ནའང། རང་བཙན་ཤོད་མཁན་དང། གཞོན་ནུ་དེ་ཚོར་ཁ་གཏད་མི་གཅོག་མཁན་ཞིག།བསྟུན་ཐུབ་མཁན། ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་གང་ཐུབ་ཐུབ་སྒྲུབ་མཁན་དགོས་པ་རེད། ཐུག་པ་འཐོལ་པ་མི་སྐོལ་མཁན། བོད་པའི་སྤྱི་ཚོགས་ཟིང་མི་སློང་མཁན་ཞིག་དགོས་ཀྱི་འདུག ལོ་ཆེན་པོ་ཞེ་དྲག་མིན་པ། དྲུག་ཅུ་ཡན་ཆོད་ཅིག་བྱུང་ན་ཡག་པོ་འདུག ང་ཚོ་སྡུག་ཆག་ཕམ་བསྡད་ཡོད་པ་རེད། ྋརྒྱལ་བ་རིན་པོ་དགུང་ལོ་ཆེན་པོ་རེད། དགོངས་པ་མི་དཀྲུག་མཁན་ཞིག་དགོས་པ་རེད། ཐུགས་སེམས་དཀྲུག་ན་མགོ་ལོག་རྩེད་ཀྱི་རེད། ང་དེང་དུས་བྱེད་དགོས་མཁན་ཞིན་ཡིན་མོད། ཡོད་པ་དེ་ལ་བདག་པོ་རྒྱག་དགོས་པ་རེད། གཞུང་ཞབས་དང། བཀའ་ཤག་ནང་ལས་ཀ་བྱེད་མྱོང་མཁན་ཞིག་ཡོང་ན་བསམ་གྱི་འདུག

དྲི་བ། བཀའ་ཟུར་རྙིང་པ་ཞིག་ཡོང་ན་འགྱུར་བ་གསར་པ་ཞིག་ཡོང་གི་མ་རེད་ཟེར་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། སྒྲོམ་འདིའི་ནང་སྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད་པ་མ་རེད། ངས་སྒྱུར་བཅོས་མ་གཏོང་ཟེར་གྱི་ཡོད། ད་ལྟ་བོད་པའི་ཚོང་བསྡུ་གསོག་བརྒྱབ་ནས། འབུམ་མང་པོ་གྱོང་རག་པ་རེད། རྒྱ་ནག་མཉམ་པོར་ཆབ་སྲིད་ཀྱི་འབྲེལ་བ་ནི་ང་ཚོ་མགོ་བཀྱགས་ས་མི་འདུག སོ་ནམ་ཞིང་ལས་དེང་དུས་ཀྱི་ལས་གཞི་ཞེ་དྲག་ཅིག་བྱེད་ཀྱི་ཡིན་ཟེར་ནས། ཕན་ཐོགས་མེད་པ་ཆགས་འདུག ད་ལྟ་འཁྲུག་པོ་མེད་པ་ཞིག་དགོས་ཀྱི་འདུག བར་འདིར་བསམ་བློ་གཏོང་ས་ཞིག་དགོས་ཀྱི་འདུག ཞེ་དྲག་གནང་ན་སྐྱོན་འདུག ཟམ་གདོང་རིན་པོ་ཆེས་དབུ་མའི་ལམ་གྱི་ཐོག་ྋསྐུ་མདུན་གྱིས་གསུངས་པ་ལས་ལྷག་བྱེད་ཀྱི་འདུག དབུ་མའི་ལམ་གྱི་མཱ་ཁེ་སིར་ཁོ་རང་ཐོན་བསྡད་སོང། ན་ནིང་ཚོགས་འདུའི་ཐོག་ཟམ་གདོང་རིན་པོ་ཆེ་དབུ་མའི་ལམ་གྱི་ཐོག་མཱ་ཁེ་སི་ཕར་ཞོག་དབུ་མའི་ལམ་གྱི་ལཱེ་ཉེན་ཐོན་གྲབས་བྱེད་ཀྱི་འདུག འགྱུར་བ་མི་གཏོང་མཁན། ཡང་ན་འགྱུར་བ་གཏོང་ཐུབ་མཁན་བརྟན་པོ་ཞིག་དགོས་ཀྱི་འདུག བཀའ་ཟུར་བཀའ་བློན་ཁྲི་པ་བྱེད་མ་མྱོང་མཁན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཡོད་པ་རེད། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡོད་པ་རེད། ཁོ་རང་སྔོན་མ་ང་ཚོའི་ཨ་མྱེས་རྨ་ཆེན་གྱི་མང་གཙོ་ཚགས་པར་ཐོག་སྐྱོན་བརྗོད་ཏོག་ཙམ་བྱས་ཡོད་པ་རེད། སྐྱོན་བརྗོད་ཤུགས་ཆེན་པོ་མ་རེད་མོད། མི་མང་གིས་གོ་བ་ལོག་པ་ལེན་གྱི་འདུག ཆད་ལྷག་གི་སྐད་ཆ་ཞིག་རེད། སུ་གང་གིས་དངུལ་ཟོས་ཡོད་པ་མ་རེད། ཁོང་ཚོ་བྱས་རྗེས་ཆེན་པོ་རེད། རྒྱུན་རིང་པོར་ལས་ཀ་བརྟན་པོ་བྱེད་མཁན་དང། བསྟུན་ཤེས་མཁན་རེད། ང་ཁོང་གཉིས་ལ་འཆམ་པོ་མེད། ང་གཞུང་ལ་སྐྱོན་བརྗོད་ཞེ་དྲག་བྱེད་མཁན་ཞིག་རེད། གཙོ་བོ་རྒྱག་རེས་འཐོལ་པ་མེད་པ། རྒྱག་རེས་ཡོད་པ་དེ་ཉུང་དུ་གཏོང་མཁན་ཞིག་དགོས་ཀྱི་འདུག།།

གནས་ཚུལ་ཡོང་ཁོངས་བོད་ཀྱི་བང་ཆེན། ༢༠༠༩ ཕྱི་ཟླ་༨ པའི་ནང་བཅར་འདྲི་བྱས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up