བོད་ཀྱི་གནད་དོན་སེལ་ཐབས་ལ་གསར་དུ་དཔྱད་པ།

ལྷ་སྡེ་གནམ་ལོ་ཡག

དང་པོ། ལངས་ཕྱོགས་མ་འདྲ་བ་གཉིས་བརྒྱུད་ནས་མ་འོངས་པར་ལྟ་བ།

དེང་གི་ཆར་བོད་ཀྱི་གནད་དོན་སེལ་ཐབས་ལ་ལངས་ཕྱོགས་མ་འདྲ་བ་གཉིས་ཡོད་པ་ནི་རྒྱལ་ཁབ་སླར་གསོ་དང་དབུ་མའི་ལམ་གཉིས་ཡིན།  སྔ་མས་ཕྱི་ལོ་ ༡༩༥༡ ལོར་བོད་རྒྱལ་ཁབ་ཤོར་བ་སླར་གསོ་བྱེད་རྒྱུ་ནི་བོད་ཀྱི་ཡུལ་མི་ཀུན་རྒྱ་དམར་གཞུང་གི་མི་སེར་སྤེལ་ཡུལ་ལས་ཐར་ཐབས་ཡག་ཤོས་དང་བོད་འདི་བཞིན་མ་ཤི་བར་འཛམ་གླིང་མི་རིགས་ཀྱི་གྲས་སུ་འགྲེངས་ཐུབ་ཐབས་སུ་བརྗོད་ཀྱིན་ཡོད། ཕྱི་མས་བོད་ཀྱི་ཡུལ་མིར་འཕྲད་ཀྱིན་པའི་གཉའ་གནོན་དཀའ་ངལ་རྒྱ་དམར་གཞུང་དང་གྲོས་མོལ་བརྒྱུད་ནས་སེལ་དགོས་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་དུ་བརྗོད་ཀྱིན་ཡོད། དམིགས་འབེན་འདི་གཉིས་ཀྱི་མ་འདྲ་བའི་ཆ་ནི་མཐའ་མའི་གྲུབ་དོན་མ་འདྲ་བ་དེ་ཆགས་ཡོད་ནའང་། ཐུན་མོང་གི་ཆ་གཅིག་ཡོད་པ་ནི་འཚེ་མེད་ཞི་བའི་འཐབ་རྩོད་ལ་གཞི་བཅོལ་ཡོད་པ་དེ་ཡིན་པས། འཚེ་མེད་ཞི་བའི་འཐབ་རྩོད་དག་དེང་གི་རྒྱལ་སྤྱིའི་འགྲོ་སྲོལ་དང་མི་བསྟུན་རང་བསྟུན་ཆགས་ཡོད་པ་ནི་ས་རིས་ཐང་གསལ་ཡིན།

རྒྱབ་ལྗོངས་འདིའི་འོག་ནས་ལྟ་སྐབས། རང་ཐག་རང་གཅོད་ (Self-determination) ནི་རྒྱལ་ཁབ་སླར་གསོའམ་དབུ་མའི་ལམ་གང་རུང་མངོན་འགྱུར་ཡོང་བའི་ལྡེ་མིག་ཏུ་གྱུར་ཡོད།  རྒྱུ་མཚན་ནི་རྒྱལ་ཁབ་སླར་གསོ་དང་དབུ་མའི་ལམ་གཉིས་ཀྱི་གང་ཡིན་ནའང་བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་བོད་པ་མི་རེ་ངོ་རེ་ལ་ཡོད་པ་དེར་མོས་མཐུན་གནང་བཞིན་ཡོད། དོན་ལ་རང་ཐག་རང་གཅོད་ནི་གནད་དོན་གང་རུང་ཐག་གཅོད་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་ལས་གྲུབ་དོན་ཞིག་མིན་ལ། འགྲོ་བ་མིའི་རིགས་ཐུན་མོང་ལ་ཡོད་པའི་གང་དགའ་ཇི་དྲག་ཐག་གཅོད་བྱེད་ཐབས་ཀྱི་ཐོབ་ཐང་ཞིག་ཡིན།

འཛམ་གླིང་སྟེང་དུ་ཐོབ་ཐང་འདི་བཞིན་ཇི་ལྟར་ལག་བསྟར་བྱེད་ཕྱོགས་ལ་ལྟ་ཚུལ་མ་མཐུན་པ་རེ་གཉིས་ཡོད་སྲིད་པ་ལས་རང་ཐག་རང་གཅོད་ལ་ངོས་ལེན་མེད་པའི་རྒྱལ་ཁབ་གཅིག་ཀྱང་མེད། དཔེར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༡༠ ཚེས་ ༥ ཉིན་ “རྒྱལ་སྤྱིའི་སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་སྤྱི་ཆིངས་” (the International Covenant on Civil and Political Rights [ICCPR]) ལ་མིང་རྟགས་བཀོད་ཡོད། དེ་མཚུངས་སུ་ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༡༠ ཚེས་ ༢༧ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ “རྒྱལ་སྤྱིའི་དཔལ་འབྱོར། རིག་གནས། སྤྱི་ཚོགས་ཁེ་དབང་སྤྱི་ཆིངས་” (The International Covenant on Economic, Social and Cultural Rights[ICESCR]) ལ་མིང་རྟགས་བཀོད་ཡོད་པར་མ་ཟད། སྤྱི་ཆིངས་ཕྱི་མ་འདི་བཞིན་ཕྱི་ལོ་ ༢༠༠༡ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་ལག་བསྟར་བྱེད་དགོས་པའི་ཆོག་མཆན་བསྩལ་ཡོད། དེ་བས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་ཟིན་པའི་སྤྱི་ཆིངས་སྔ་མ་ཡིན་ནའང་འདྲ། མིང་རྟགས་བཀོད་ནས་ལག་བསྟར་བྱེད་པར་ཆོག་མཆན་ཐོབ་ཟིན་པའི་ཁྲིམས་ནུས་ཡོད་པའི་སྤྱི་ཆིངས་ཕྱི་མ་གང་ཡིན་ནའང་ཆོག སྤྱི་ཆིངས་འདི་གཉིས་ཀའི་དོན་ཚན་དང་པོའི་ནང་ “མི་དམངས་ཡོངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་” (All peoples have the right of self-determination) ཅེས་བཀོད་ཡོད།

ཕྱོགས་གང་ནས་བལྟས་ནའང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལའང་ངོས་ལེན་ཡོད་པའི་ཐོབ་ཐང་འདི་ཆུ་ཚོད་ཀྱི་སྔ་ཕྱི་ཙམ་ལས་རྒྱ་ནག་ནང་མི་འགྱངས་པར་ཁྱོན་ཡོངས་ནས་ལག་བསྟར་བྱེད་བྱ་ཆགས་ཡོད། བོད་ཕྱི་ནང་གཉིས་ཀྱི་གང་ཡིན་ནའང་འདྲ། རྒྱལ་ཁབ་སླར་གསོ་དང་དབུ་མའི་ལམ་གང་རུང་གི་ལྟ་བ་འཁུར་མཁན་སུ་ཡིན་ནའང་ཆོག བོད་མི་དམངས་ལ་ཡོད་པའི་གོ་སྐབས་འདི་དང་ཐོབ་ཐང་འདི་ངེས་པར་དུ་ངོས་ཟིན་པ་གནང་དགོས་པར་མ་ཟད། རྒྱལ་སྤྱིའི་སྟེང་དུའང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁས་ལེན་དམ་བཅའ་འདི་བཞིན་ལག་ལེན་ནང་འདེབས་པར་བསྐུལ་འདེད་གཏོང་བར་འབོད་བསྐུལ་དང་ལས་འགུལ་ཤུགས་ཆེན་སྤེལ་འོས། ལྷག་པར་དུ་འདི་ནི་རྒྱ་དམར་གཞུང་ལ་འདོད་པ་ཡོད་མིན་ལ་མ་ལྟོས་པར་གཡོལ་ཐབས་མེད་པའི་འོས་འགན་ཆགས་ཡོད་པས། རྒྱལ་སྤྱིའི་སྟེང་ནས་བོད་དོན་རྒྱབ་བསྐྱོར་ཡོང་གཞི་ངོ་མའང་འདི་ཡིན་པ་གསལ་བོ་ཡིན། དེའི་ཕྱིར། འཛམ་གླིང་སྤྱི་དང་རྒྱ་ནག་ལ་འགྱུར་བ་ཅི་འདྲ་ཞིག་བྱུང་ནའང་རང་ཐག་རང་གཅོད་ནི་བོད་མི་རིགས་ཀྱི་སྲུང་མདུད་ཆགས་ཡོད།

ཡིན་ནའང་། སྨྱུག་ཐོགས་པས་འདིར་རིག་རྩལ་བསྐྱར་དར་སྐབས་ཀྱི་བློ་འབྱེད་པ་ཆེན་པོ་ཝོ་སོའོ་ (Jean-Jacques Rousseau) མཆོག་གིས་ “དྲག་པོའི་དབང་བསྒྱུར་གྱི་མདུན་དུ་མི་དམངས་ལ་གྱེན་ལངས་ཀྱི་ཐོབ་ཐང་ཡོད་” ཅེས་པའི་རང་དབང་མངོན་འགྱུར་ཡོང་ཐབས་གཞན་དག་ལ་བསྙོན་འབྱིན་བྱེད་ཀྱི་མེད།

གཉིས་པ། བོད་ལ་ཐོབ་ཐང་འདི་ཡོད་པའི་ལོ་རྒྱུས་རྒྱབ་ལྗོངས། 

ཡོངས་གྲགས་ལྟར། སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་བཅུ་བཞི་བ། (༡༩༥༩) ཚོགས་ཆེན་བཅུ་དྲུག་པ། (༡༩༦༡) ཚོགས་ཆེན་ཉི་ཤུ་བ་ (༡༩༦༥) བཅས་ཀྱི་སྟེང་དུ་སྔ་རྗེས་སུ་བོད་ཀྱི་གནད་དོན་ཐད་གྲོས་ཆོད་གསུམ་བཞག་ཡོད་ཅིང་། གྲོས་ཆོད་དེ་དག་ནང་དུ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གཏན་འཁེལ་ཡོད། ཁྲིམས་ལུགས་ཀྱི་ཐོག་ནས་བཤད་ན། གྲོས་ཆོད་འདི་དག་ད་དུང་གཏན་འཁེལ་མ་ཐུབ་པར་ལྷག་བསྡད་ཡོད་པ་ཞིག་ལས་ཁྲིམས་ནུས་ཤོར་ཟིན་པ་ཞིག་མིན།

ཕྱོགས་གཞན་གཅིག་ནས་རང་ཐག་རང་གཅོད་ཇི་ལྟར་རྒྱལ་སྤྱིར་ངོས་ལེན་ཡོད་པའི་ཐོབ་ཐང་ཞིག་ཏུ་གྱུར་ཚུལ་ཤེས་རྒྱུའང་ཧ་ཅང་གི་གལ་ཆེན་ཆགས་ཡོད། ལོ་རྒྱུས་ཀྱི་ཆ་ནས་བཤད་ན། རང་ཐག་རང་གཅོད་ཐོག་མར་ལག་ལེན་བསྟར་ས་ནི་ལོ་ངོ་སུམ་སྟོང་ཡར་སྔོན་གྱི་གནའ་རབས་གུ་རི་སིའི་གྲོང་ཚོའི་མནའ་འབྲེལ་ (The Polis of Greece) ཡིན། གཙོ་བོ་དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུ་ནས་མི་སེར་སྤེལ་མཁན་ལ་ངོ་རྒོལ་གྱི་ལས་འགུལ་འགོ་ཚུགས་ཡོད་ཅིང་། རྒྱལ་ཁབ་རེ་འགའི་ནང་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལག་བསྟར་བྱེད་ཐུབ་ཡོད། ཕྱི་ལོ་ ༡༩༤༡ ལོར་ཨ་རིའི་སྲིད་འཛིན་རོའུ་སི་བད་ཊི་ (Franklin Delano Roosevelt) དང་དབྱིན་ཇིའི་སྲིད་བློན་ཆར་ཆེལ་ (Sir Winston Leonard Spencer-Churchill) གཉིས་ནས་ “ནུབ་ཀྱི་རྒྱ་མཚོ་ཆེན་མོའི་རྩ་ཁྲིམས” (The Atlantic Charter) ལ་མཚན་རྟགས་བཀོད། ཁྲིམས་གཞི་འདིའི་ནང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གསལ་ཡོད། ཕྱི་ལོ་ ༡༩༤༢ ལོར་ཨ་རི། དབྱིན་ཇི། རཱ་ཤི་ཡ་དམར་
གཞུང་། རྒྱ་ནག་མི་སེར་རྒྱལ་ཁབ་འདུ་བའི་རྒྱལ་ཁབ་ ༢༦ གིས་ཝ་ཤིན་ཊོན་དུ “མཉམ་འབྲེལ་རྒྱལ་ཚོགས་བསྒྲགས་གཏམ” ལ་མིང་རྟགས་བཀོད་པར་མ་ཟད། “ནུབ་ཀྱི་རྒྱ་མཚོ་ཆེན་མོའི་རྩ་ཁྲིམས” ཀྱི་ནང་དོན་ལ་ངོས་ལེན་བྱས་འདུག ཕྱི་ལོ་ ༡༩༤༥ ལོར་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་ཀྱིས་ཨ་རི། དབྱིན་ཇི། རཱ་ཤི་ཡ་དམར་གཞུང་། རྒྱ་ནག་མི་སེར་རྒྱལ་ཁབ་འདུ་བའི་རྒྱལ་ཁབ༥༠ལྷག་གིས“མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་” (CHARTER OF THE UNITED NATIONS AND STATUTE OF THE INTERNATIONAL COURT OF JUSTICE) ལ་མིང་རྟགས་བཀོད་ཡོད་ལ། ལོ་དེའི་ཟླ༡༠ཚེས༢༤ཉིན་ནས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་འདུག

དེང་གི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱབ་བསྒྲགས་གནང་བའི་རང་ཐག་རང་གཅོད་བཀོད་པའི་སྤྱི་ཆིངས་སམ་རྒྱལ་སྤྱིའི་སྒྲོམ་གཞི་ཁག་གསུམ་ཡོད། ༡ “མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་” ཀྱི་དོན་ཚན་དང་པོ་དང་གཉིས་པའི་ནང་གཏན་འཁེལ་བྱེད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་བའི་འགན་འཁུར་གསུམ་ལས་གཉིས་པ་ནི་རྒྱལ་སྤྱིའི་འབྲེལ་ལམ་གོང་སྤེལ་ཁྲོད་དུ་མི་དམངས་འདྲ་མཉམ་དང་རང་ཐག་རང་གཅོད་རྩ་དོན་དུ་བཟུང་བའི་མཛའ་བརྩེ་འབྲེལ་ལམ་ལ་བརྩི་སྲུང་། བྱེད་ཐབས་འོས་འཚམས་བཀོལ་ནས་ཡོངས་ཁྱབ་ཞི་བདེ་མཐོར་འདེགས་གཏོང་དགོས། ༢ “རྒྱལ་སྤྱིའི་སྤྱི་དམངས་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་སྤྱི་ཆིངས།” (The International Covenant on Civil and Political Rights) དང་ “རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་ཐོབ་ཐང་སྤྱི་ཆིངས།” (The international covenant on economic social and cultural rights) གཉིས་ཀྱི་དོན་ཚན་དང་པོའི་ནང་དུ་རང་ཐག་རང་གཅོད་གཏན་འཁེལ་ཡོད། ༣ “འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ།” (The Universal Declaration of Human Rights) ཀྱི་དོན་ཚན་བཅོ་ལྔའི་ནང་མི་རེ་ངོ་རེར་རྒྱལ་དམངས་སུ་གྱུར་བའི་ཐོབ་ཐང་ཡོད། མི་སུས་ཀྱང་རྒྱལ་དམངས་ཐོབ་ཐང་འཕྲོག་མི་ཆོག་ལ། རྒྱལ་དམངས་གཞན་ལ་བསྒྱུར་བའི་ཐོབ་ཐང་ལའང་བསྙོན་འབྱིན་བྱས་མི་ཆོག

གསུམ་པ། བོད་མི་ཚོས་ངེས་པར་དུ་གཟབ་དགོས་པའི་དོན་ཆེན་གཉིས། 

གོང་དུ་བརྗོད་ཟིན་པ་ལྟར། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་མ་ཟད། ཐོབ་ཐང་དེ་བཀོལ་ནས་རྒྱ་ནག་དང་མཉམ་གནས་བྱེད་པའམ། རྒྱལ་ཁབ་སླར་གསོ་བྱ་བ་གང་རུང་གི་ཉིན་མོ་ཞིག་མི་འགྱངས་པར་ཡོང་རྒྱུ་ཡོད་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་ངོས་ནས་འདོད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དེར་ས་ཡིག་བརྒྱབ་ནས་ཁས་ལེན་དམ་བཅའ་བཞག་ཟིན་པ་དང་ཅིག་ཤོས་དེ་ཕྱི་ཚུལ་ནས་ལག་བསྟར་བྱེད་ཀྱིན་པ་དེར་ཐུག་ཡོད། དེ་བས། མ་འོངས་པར་རྒྱ་ནག་ལ་འགྱུར་ལྡོག་ག་ཚད་བྱུང་ནའང་། བོད་མི་རང་ངོས་ནས་འཕྲོག་ཏུ་མེད་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་མ་བརླག་པ་ཡིན་ན་གོ་སྐབས་ཏན་ཏན་ཐག་ཉེར་བཅར་བཞིན་ཡོད། ཡིན་ནའང་། ངེས་པར་དུ་གཟབ་དགོས་པ་ནི་བོད་ནང་གི་ངོ་རྒོལ་ལས་འགུལ་ཁག་གི་དགོས་འདུན་འབོད་སྐད་ངོ་མར་བཟོ་བཅོས་རྒྱག་མི་འོས་ལ། བོད་ཀྱི་འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བར་འགྲེལ་ལོག་རྒྱག་མི་རུང་།

༡ བོད་ནང་གི་ངོ་རྒོལ་ལས་འགུལ་ཁག་གི་དགོས་འདུན་འབོད་སྐད། 

རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན། བོད་ནང་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་པའི་ངོ་རྒོལ་དེ་དག་ནི་བོད་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་ལ་ཐོག་མཐའ་བར་གསུམ་དུ་ངོས་ལེན་བྱེད་ཀྱི་མེད་པའི་སྒྲུབ་བྱེད་ཡིན་ཞིང་། དེ་ནི་བོད་ནང་མ་འོངས་པར་རང་ཐག་རང་གཅོད་ལག་བསྟར་བྱེད་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོ་ཆགས་ཡོད། དེ་ལས་ལྡོག་ན། ད་ལྟའི་དབང་བསྒྱུར་ལ་ངོས་ལེན་བྱས་ཟིན་པས། འབྱུང་འགྱུར་རང་ཐག་རང་གཅོད་ལག་ལེན་ནང་བསྟར་འོས་ཆགས་ཀྱི་མེད། བཙན་བྱོལ་ནང་གི་སྲིད་དོན་པ་ཚོས་སྐད་ཆ་བཤད་སྐབས་དོན་དག་མང་བོ་ཞིག་ལ་བོད་ནང་གི་ཚབ་ཡིན་པའི་རྣམ་པ་བེད་སྤྱད་དེ་ཐག་གཅོད་རང་བཞིན་གྱི་བསྡོམས་ཚིག་རྒྱག་གི་འདུག་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དེ་དག་ནི་བོད་མི་བྱིངས་ཀྱི་བྱ་སྤྱོད་ཅིག་ལ་ནོར་འཛོལ་འཆོར་བཞིན་པས། དེང་ཕྱིན་ཉུང་མཐར་བརྟག་པ་མཐའ་བཟུང་གི་བརྗོད་ཚིག་བེད་སྤྱོད་གཏོང་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཆགས་ཡོད། དེ་ལྟར་བོད་ཕྱི་ནང་གི་རྡོག་རྩ་གཅིག་སྒྲིལ་ལ་གནོད་པ་ཐེབས་ཀྱི་མ་རེད་ལ། རྒྱལ་སྤྱིའི་སྟེང་ནས་བོད་ལ་རོགས་བསྐྱོར་གནང་བཞིན་པའི་ཐོན་ཁུངས་མང་ཆེ་བ་བགོ་འགྲེམས་ཀྱི་དབང་ཆ་ལའང་གནས་སྐབས་རིང་ལོངས་སུ་སྤྱོད་ཆོག ཡིན་ནའང་། རོགས་དངུལ་ཟ་ཤེས་པའི་ཞོར་དུ་བོད་དོན་ཡང་སྒྲུབ་ཤེས་དགོས་ཀྱི་ཡོད། བོད་ཀྱི་གཏམ་དཔེར། “མི་སེམས་གསོད་ན་ཁབ་དང་སྐུད་པ། མི་སེམས་གསོ་ནའང་ཁབ་དང་སྐུད་པ་” ཟེར་བའི་དཔེ་བཞིན་དྲ་རྒྱའི་དུས་རབས་ནང་དོན་དག་བརྒྱ་ཆའི་དགུ་བཅུར་མཛེས་བཟོ་བྱེད་པའམ། ཕྱི་ཐུམ་རྒྱག་པའི་དུས་རབས་དེ་ཡོལ་ཚར་ཡོད།

༢ བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་ངོ་མ། 

ཆབ་སྲིད་ཀྱི་སྒྱུ་རྩལ་ནི་རང་ཚུགས་མ་ཤོར་བའི་བསྟུན་ཤེས་ཡིན། དེ་བས། བསྟུན་ཤེས་ཀྱིས་རང་ཚུགས་ལ་གནོད་མི་རུང་ལ། རང་ཚུགས་ཀྱིས་བསྟུན་ཤེས་ལའང་གནོད་མི་ཆོག ལོ་རྒྱུས་འཆད་སྐབས་ཀྱང་དེ་བཞིན་ཏེ། ཡོད་པ་དེ་བརླག་མི་རུང་ཞིང་། སྒྲུབ་བྱེད་ཚད་ལྡན་མ་མཐོང་བའི་ཡར་སྔོན་མེད་པ་ཞིག་ལ་ཁས་ལེན་ཡང་ཤོར་མི་ཆོག

དེང་གི་ཆར་བོད་རྒྱ་གཉིས་ཀྱིས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་འགྲེལ་སྟངས་མ་འདྲ་བ་གཉིས་ཡོང་གི་ཡོད་མོད། དོན་ལ་དེ་ནི་མི་སེར་སྤེལ་མཁན་དང་མི་སེར་སྤེལ་ཡུལ་གྱི་བསམ་བློ་ཁྱེར་ཕྱོགས་ཀྱི་ཧེ་བག་ཡིན་པ་ལས་འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་ངོ་མར་སུས་ཀྱང་བཟོ་བཅོས་རྒྱག་མི་ཐུབ། དཔེར་ན། བོད་དེ་བཞིན་ཧོར་ཆེན་པོའམ་ཡོན་རྒྱལ་རབས་ནས་རྒྱ་ཁོངས་ཡིན་ཟེར་བ་དང་མདོ་ཁམས་ (ཁམས་ཀྱི་ཕྱེད་ཀ་དང་ཨ་མདོ་ཧྲིལ་བོ་) དེ་བཞིན་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཟེར་བ་ལྟ་བུ་རེད་ལ། འདི་ནི་བརྟག་དཔྱད་ཀྱིས་མ་འདང་བའམ། ཤེས་བཞིན་དུ་འཁྱོག་བརྗོད་བྱེད་ཀྱིན་པ་ཞིག་རེད།

༡) བོད་དང་ཡོན་རྒྱལ་རབས། བོད་དང་མན་ཇུའི་བར་བྱུང་བའི་འབྲེལ་ལམ་མཆོད་ཡོན་ནམ། གོང་འོག་གི་འབྲེལ་བ་ཡོད་མེད་གང་ཡིན་ནའང་། ཕྱི་ལོ་ ༡༩༡༣ ལོར་བོད་སོག་བར་བཞག་པའི་ཆིངས་ཡིག་གིས་བོད་སོག་གཉིས་མན་ཇུའི་འོག་ནས་ལོགས་སུ་ཐོན་ཏེ་རང་བཙན་བྱས་པ་གསལ་སྟོན་བྱས་ཡོད་པར་མ་ཟད། བོད་སོག་འབྲེལ་ལམ་ཡང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བར་འཕོ་བསྐྱོད་གནང་བར་ཕན་ཚུན་བར་ངོས་ལེན་གནང་ཡོད་པས། སྔར་བོད་སོག (ཧོར་) བར་ཡོད་པའི་འབྲེལ་བའི་ངོ་བོའང་འགྱུར་ལྡོག་བྱུང་ནས་བཞི་ཤད་བཀོད་ཟིན་པ་དེ་བསྟན་ཡོད། ལྷག་པར་དུ་ཕྱི་ལོ་ ༡༩༠༧ ལོར་དབྱིན་ཇི་དང་ར་ཤི་ཡའི་བར་ཆིངས་ཡིག (Arrangement Concerning Tibet) བཞག་ནས་མན་ཇུ་ལ་བོད་ཐོག་མིང་ཙམ་དབང་བསྒྱུར་ (suzerainty) གྱི་ཐོབ་ཐང་འདུག་ཅེས་བཀོད་ཡོད་ནའང་། ཕྱི་ལོ་ ༡༩༡༣ ལོར་བོད་སོག་བར་བཞག་པའི་ཆིངས་ཡིག་དེར་དགག་པ་བརྒྱབ་མེད། དེ་ཡིས་གང་སྟོན་གྱི་ཡོད་དམ་ཟེར་ན། བོད་སོག་རང་བཙན་བསྐྱར་བསྒྲགས་ལ་རྒྱལ་སྤྱིའི་སྟེང་རང་ཡན་དུ་བཏང་ཡོད་པ་མཚོན་ཡོད་པས། ལོ་རྒྱུས་ཀྱི་མཐུན་ཆ་ཆགས་ཡོད། དེ་ཕྱོགས་གཅིག་ཡིན།

ཕྱོགས་གཞན་གཅིག་ནས་བཤད་ན། རྒྱ་ནག་ནང་བོད་དེ་བཞིན་ཧོར་ཆེན་པོའམ་ཡོན་རྒྱལ་རབས་ནས་རྒྱ་ཁོངས་སུ་བཅུག་ཟེར་བའི་ལོ་རྒྱུས་ཀྱི་སྒྲུབ་བྱེད་གཙོ་བོ་ནི་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་སྔར་བསིལ་མོ་ཐང་ངམ་རྒྱ་སྐད་དུ་ལེང་ཇི་འབོད་པའི་གནས་དེར་ཧོར་སེ་ཆེན་རྒྱལ་བོར་མཇལ་འཕྲད་གནང་རྗེས་བོད་དབུས་ཕྱོགས་སུ་སྤྲིངས་པའི་འཕྲིན་ཡིག་དེའི་ནང་དུ་ “ངས་བེ་རི་ཁྲིད་ནས་ངོ་བལྟས། འདིས་ཤིན་ཏུ་ངོ་བལྟས་” ཞེས་པའི་ “ངོ་བལྟས་” ཟེར་བ་དེ་ “མགོ་བཏགས་” ཟེར་ནས་བསྒྱུར་ཡོད་པ་རེད། དོན་ལ་ “ངོ་བལྟས་” ནི་ངོ་ཆེན་གནང་བའི་དོན་ཡིན་པ་བོད་སྐད་ཤེས་མཁན་ཚོར་གསལ་བོ་ཡིན། འོན་ཀྱང་། བོད་ཡིག་ཕར་ཞོག་བོད་སྐད་ལ་རྒྱུས་མེད་པའི་རྒྱ་ནག་པ་སུ་ཡིན་ནའང་དོན་དག་འདི་བོད་མི་རང་ངོས་ནས་ཕར་གསེད་བཀྲོལ་མ་ཐུབ་ཚེ་ཡིན་ཤག་བྱེད་ངེས་ཡིན།

དེ་བཞིན་དུ་ཕྱི་ལོ་ ༡༩༥༡ ལོར་རྒྱ་དམར་དམག་དཔུང་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་འབྱོར་རྗེས། གཙུག་ལག་ཁང་དང་གཞིས་ཀ་རྩེ་ནས་བོད་ཡིག་ཏུ་བྲིས་པའི་ཡིག་ཆ་ཞིག་བརྙེད་ཡོད་ལ། དེ་ནི་ཕྱི་ལོ་ ༡༧༩༣ ལོར་མན་ཇུས་བོད་ལ་དམག་རོགས་གྲུབ་རྗེས་གཏན་ལ་ཕབ་པའི་སྲོལ་ཡིག་ཅིག་ཡིན་ཟེར། ཡིན་ནའང་། ཡིག་ཆ་དེ་བཞིན་སྐབས་དེར་རྒྱ་དམར་གཞུང་གིས་རྒྱ་ཡིག་ནང་དུ་མ་བསྒྱུར་བར་དུ་སྔར་མན་ཇུའི་ཡི་གེ་དང་རྒྱ་ཡིག་ནང་བཀོད་མི་འདུག་པས། ཡིག་ཆ་དེ་སྲོལ་ཡིག་ཅིག་ཡིན་པའི་ཆ་བཞག་ནའང་ཁྲིམས་ནུས་ཐོན་པ་ཕར་ཞོག་མན་ཇུ་གཞུང་གིས་ཀྱང་ཧ་གོ་མེད་པ་ཞིག་རེད་ཅེས་བཤད་ཆོག དེ་བས། བོད་འདི་བཞིན་མན་ཇུའི་མངའ་ཁོངས་ཡིན་ཚུལ་ཡིག་ཆ་དེར་གཞི་བཅོལ་མཁན་ཚོར་ངེས་པར་དུ་གོ་བརྡ་འདི་འཕྲོད་དགོས། སྨྱུག་ཐོགས་པས་རྒྱ་ཡིག་གི་འཇིག་རྟེན་ལ་འདི་དག་ངོ་སྤྲོད་བྱས་ཡོད་མོད། ད་དུང་དབྱིན་ཡིག་གི་འཇིག་རྟེན་ལ་ངོ་སྤྲོད་བྱེད་ཐུབ་མེད།

༢) “སིམ་ལའི་ཆིངས་ཡིག” ནི་བོད་འདི་བཞིན་སྔར་རང་བཙན་ཡིན་པའི་སྒྲུབ་བྱེད་གཙོ་བོ་གཅིག་ཡིན། དེའང་ “སིམ་ལའི་ཆིངས་ཡིག” ལ་སྐབས་དེའི་རྒྱ་ནག་མི་སེར་གཞུང་གིས་ས་ཡིག་མ་བརྒྱབ་པར་བརྟེན་ནས་བོད་དང་དབྱིན་ཇི་གཉིས་ཀྱིས་ལོགས་སུ་ “ཟུར་ཆིངས” བཞག་ནས་རྒྱ་གཞུང་གིས་ “སིམ་ལའི་ཆིངས་ཡིག” ལ་ས་ཡིག་བརྒྱབ་ནས་ངོས་ལེན་མ་བྱས་པར་དུ་ཆིངས་ཡིག་ནང་གསལ་བའི་ཐོབ་ཐང་དེ་དག་རྒྱ་ནག་ལ་མེད་ཅེས་ཁ་གསལ་ཡོད་ལ། རྗེས་སུ་རྒྱ་ནག་གིས་ས་ཡིག་བརྒྱབ་མེད་པས། བོད་ལ་སྔར་ཡོད་ཀྱི་ལོ་རྒྱུས་ཏེ། བོད་ཁོངས་གཅིག་གྱུར་ལ་གནོད་པ་ཐེབས་མེད། དེ་བས། “སིམ་ལའི་ཆིངས་ཡིག” ནང་གང་བཀོད་ཡོད་པ་དེ་གལ་ཆེན་མ་ཡིན་པར་ཟུར་ཆིངས་དང་ཆིངས་ཡིག་དེ་གཉིས་འཇོག་ཐུབ་ཡོད་པ་དེ་ལོ་རྒྱུས་དངོས་ཆགས་ཡོད།

ཕྱི་ལོ་ ༢༠༠༨ ལོར་དབྱིན་ཇི་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་དེ་བཞིན་རྒྱ་ཁོངས་སུ་སྡོད་འདོད་ཡོད་ཚུལ་གསུངས་པར་ཁ་གཡར་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་མེད་པའི་ཡར་སྔོན་བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་ལེན་བྱས་པ་ནི་ལོ་རྒྱུས་དང་དངོས་ཡོད་གཉིས་ལ་རྒྱབ་འགལ་ཆགས་ཡོད་པས། ད་ལྟའི་དབྱིན་གཞུང་དང་མ་འོངས་རིམ་འབྱུང་གི་དབྱིན་གཞུང་ལ་བོད་ཀྱི་གནད་དོན་གཙང་སེལ་མ་གྲུབ་པའི་ཡར་སྔོན་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེར་ཡོ་བསྲང་བྱེད་དགོས་པའི་ལས་འགུལ་མུ་མཐུད་དུ་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ངེས།

༣) དུས་རབས་ཉི་ཤུ་བའི་དུས་འགོ་ནས་བཟུང་སྟེ། བོད་ཤར་ཕྱོགས་མདོ་ཁམས་ (ཁམས་དང་ཨ་མདོ་) ཕྱོགས་སུ་མན་ཇུ་གཞུང་གིས་བཙན་འཛུལ་འགོ་འཛུགས་བྱས་ཡོད་ཅིང་། རྗེས་སུ་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་བཙན་འཛུལ་མུ་མཐུད་ནས་བྱས་ཡོད་མོད། ཁམས་དང་ཨ་མདོ་གཉིས་ཀྱི་གང་ཡིན་ནའང་མགོ་འདོགས་ལུས་འབུལ་བྱེད་མྱོང་མེད་པར་མ་ཟད། བཙན་འཛུལ་བར་ཞི་དྲག་གང་རུང་གི་ངོ་རྒོལ་མཚམས་ཆད་མྱོང་མེད། རྒྱབ་ལྗོངས་དེའི་འོག་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཁམས་ཁུལ་དུ་ཕྱི་ལོ་ ༡༩༣༩ ལོར་ “ནུབ་ཁམས་ཞིང་ཆེན” ཟེར་བ་བཙུགས་པ་དང་ཨ་མདོ་ནས་ཕྱི་ལོ་ ༡༩༢༩ ལོར་ “མཚོ་སྔོན་ཞིང་ཆེན་” ཟེར་བ་བཙུགས་པ་ནི་མདོ་ཁམས་ཡུལ་ལུང་ “ཕྱེད་རང་བཙན་དང་ཕྱེད་མི་སེར་སྤེལ་ཡུལ་” དུ་གྱུར་བའི་མཚོན་རྟགས་ཡིན་པ་ལས་བོད་རང་ངོས་ནས་ཆིངས་ཡིག་གང་རུང་བཞག་ནས་ཕར་སྤྲད་པའམ། རང་མོས་ཀྱི་འདུག་གི་ཡིན་ལབ་མྱོང་མེད། དཔེར་ན། སྔ་ཕྱིར་ཕྱི་ལོ་ ༡༩༡༨ ལོ་དང་ཕྱི་ལོ་ ༡༩༣༢ ལོ་གཉིས་ལ་བོད་སྡེ་བ་གཞུང་དང་རྒྱ་ནག་མི་སེར་རྒྱལ་ཁབ་བར་མདོ་ཁམས་སུ་དམག་མཚམས་འཇོག་པའི་ཆིངས་ཡིག་གཉིས་བཞག་ཡོད། དེ་ནི་ཞི་བའི་ཆིངས་ཡིག་མ་ཡིན་པར་དམག་འཐབ་མཚམས་འཇོག་གི་ཆིངས་ཡིག་ཡིན་པས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན། དམག་འཁྲུག་དེ་ད་དུང་མཚམས་ཆད་མེད། དེ་བས། མདོ་ཁམས་དེ་བཞིན་དགའ་ལྡན་ཕོ་བྲང་ལ་གཏོགས་མིན་དང་བོད་ལ་གཅིག་གྱུར་བྱུང་ཡོད་མེད་རྩོད་པ་ནི་རང་ཤ་བཅད་ནས་ཁྱི་ཁ་ལ་སྤྲད་པའི་དཔེ་ལས་གཞན་མེད།

མཐའ་བསྡོམས།

སྨྱུག་ཐོགས་པ་ཉི་ཧོང་ནས་ཚུར་ལོག་ནས་བདུན་ཕྲག་གཉིས་ལས་སོང་མེད། ཉི་ཧོང་ནས་དཔའ་བོའི་ལྷ་ཁང་ (Yasukuni Shrine 靖国神社) མཇལ་རྒྱུ་བྱུང་བའི་གོ་རིམ་ཁྲོད་དུ་ཚོར་བ་ཆེས་ཤོས་དེ་ལོ་རྒྱུས་ཀྱི་སྟེང་ནས་བྱུང་སོང་། མ་གཞི་ཉི་ཧོང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དམག་འཁྲུག་ལས་ཕམ་མཁན་གྱི་རྒྱལ་ཁབ་ཡིན་པས། གནས་སྟངས་མང་བོ་ཞིག་ལ་མི་བསྟུན་ཀ་མེད་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་། ཉི་ཧོང་གིས་བྱུང་ཟིན་པའི་ལོ་རྒྱུས་བཟོ་བཅོས་ཕྲ་མོ་ཙམ་ཡང་བརྒྱབ་མི་འདུག དཔེར་ན། ཉི་ཧོང་གོང་མས་ཕྱི་ལོ༡༩༤༥ ལོར་བསྩལ་བའི་བཀའ་ཤོག་དེར་རྒྱལ་ཁབ་མང་བོའི་ནང་དུ་ “མགོ་འདོགས་བཀའ་ཤོག” ཡིན་ལུགས་འགྲེལ་བཞིན་ཡོད། ཡིན་ནའང་། ཉི་ཧོང་རང་གི་ལོ་རྒྱུས་སུ་ “དམག་འཁྲུག་མཇུག་གྲིལ་བའི་བཀའ་རྒྱ་” ཞེས་དང་དབྱིན་ཡིག་ནང་” Imperial Rescript, August, 14, 1945” (གོང་མའི་བཀའ་རྒྱ་) གཅིག་པུ་བྲིས་འདུག

དེ་བཞིན་དུ་སྔར་ཉི་ཧོང་གི་གཞོགས་འདེགས་འོག་མན་ཇུའི་རྒྱལ་ཁབ་སླར་གསོ་བྱས་ཏེ་ཕྱི་ལོ་ ༡༩༤༥ ལོར་བར་རྒྱུན་བསྐྱངས་པའི་ལོ་རྒྱུས་ཉི་ཧོང་དང་དབྱིན་ཡིག་ནང་ས་ཁྲ་དང་བཅས་བཀོད་ཡོད་པར་མ་ཟད། སྐབས་དེར་རྒྱ་ནག་མི་སེར་རྒྱལ་ཁབ་དང་མན་ཇུ་རྒྱལ་ཁབ། མའོ་ཙེ་ཏུང་གི་ཀྲུང་ཧྭ་སུའུ་ཝེ་གཞུང་གསུམ་གྱིས་རང་ས་རང་བདག་བྱས་ཡོད་པའི་ས་ཁྲའང་བཀོད་འདུག དེང་སྐབས་རྒྱ་ནག་གིས་སྔར་རྒྱ་ནག་མི་སེར་རྒྱལ་ཁབ་དེ་གཅིག་གྱུར་ཞིག་ལ་བཤད་ཀྱིན་པའང་ལྟོས་ས་ལྟོས་འཇོག་ཅིག་ཡིན་པ་ལས་ལྟོས་མེད་ཅིག་མིན་པ་ར་འཕྲོད་ཡོད།

བོད་ལ་མཚོན་ནའང་བཙན་འཛུལ་གང་མང་བྱུང་ནས་མཐའ་མར་རྒྱལ་ཁབ་ཤོར་དགོས་ཐུག་ཡོད་མོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཁྱུར་མུད་གཏོང་ཉིན་བར་དུ་རང་ས་གཞན་ལ་སྤྲད་པའི་ལོ་རྒྱུས་བྱུང་མི་འདུག་པས། ལོ་རྒྱུས་ཀྱི་བྱུང་བར་སྟབས་བསྟུན་བཟོ་བཅོས་རྒྱག་མི་རུང་བ་ཧ་ཅང་གསལ་བོ་ཆགས་ཡོད། དེ་བཞིན་དུ་བོད་པ་མི་རེ་ངོ་རེ་ལ་ཡོད་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡང་བོད་ནང་གི་བོད་མི་ཚོས་ཤ་ཁྲག་གི་འགྲོ་སོང་བཏང་ནས་མུ་མཐུད་སྲུང་སྐྱོབ་གནང་བཞིན་པ་ཞིག་ཡིན་པས། ཀུན་གྱིས་དེ་ལ་རང་ཉིད་ཀྱི་མིག་འབྲས་བཞིན་སྲུང་སྐྱོབ་བྱེད་དགོས།

ལར་ནས་བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་བོད་མི་དམངས་ལ་ཡོད་པས། རང་ཐག་རང་གཅོད་ཀྱི་ཐོབ་ཐང་བཀོལ་ནས་རྒྱལ་ཁབ་སླར་གསོ་གདམ་པའམ། དེང་གི་དབུ་མའི་ལམ་གདམ་མིན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཐུག་ཡོད་པར་མ་ཟད། རྒྱ་ནག་རིམ་བཞིན་དམངས་གཙོར་འགྱུར་ནས་རྒྱལ་ཁབ་རང་དབང་རིང་ལུགས་ཀྱི་ཁྲིམས་ལྟར་དངོས་སུ་སྐྱོང་ཐུབ་མིན་ལའང་འབྲེལ་ཡོད།  དེ་བཞིན་དུ་རྒྱ་ནག་མི་དམངས་ལ་ལོ་རྒྱུས་ཇི་མ་ཇི་བཞིན་དུ་ངོ་འཕྲོད་མིན་གྱིས་མཚོན་པའི་དང་ལེན་ག་ཚད་ཐུབ་མིན་ལའང་ཐུག་ཡོད།

ཕྱོགས་གཞན་གཅིག་ནས་བཤད་ན། རང་ཐག་རང་གཅོད་ཀྱིས་རྒྱལ་ཁབ་སླར་གསོའི་རྨི་ལམ་ལེགས་འགྲུབ་བྱེད་དུ་འཇུག་སྲིད་པར་མ་ཟད། དབུ་མའི་ལམ་གྱི་ཚེ་ཚད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚེ་ཚད་ལས་མེད་པའི་དཀའ་ངལ་དེའང་སེལ་ཐུབ། དེ་བས། འཚེ་མེད་ཞི་བའི་ལྟ་གྲུབ་འོག་ཏུ་ལམ་ཁ་ཡག་ཤོས་དེའང་རང་ཐག་རང་གཅོད་ཆགས་ཡོད།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༢ ཚེས་ ༢༣ ཉིན་རྩོམ་མཇུག་བསྡུས།

རྩོམ་སྒྲིག་པའི་མཆན། ༢༠༡༨ ལོར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་འགྲེམས་སྤེལ་བྱས་པའི་རང་བཙན་ཆེད་དེབ་ལས་བཤུས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up