བོད་རང་བཙན་གྱི་ཉིན་མོ།

སངས་རྒྱས་སྐྱབས་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

༢༠༡༣ བསླེབས་མ་ཐག་བཙན་བྱོལ་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་བོད་རང་བཙན་ཉིན་མོ་སྲུང་གཙི་གྲ་སྒྲིག་བྱས་དང་བྱེད་བཞིན་འདུག ལས་འགུལ་འདི་ལ་“བོད་རང་བཙན་ཉིན་མོའམ་ཡང་ན། བོད་རང་བཙན་ཁྱབ་བསྒྲགས་ཉིན་མོ། ད་དུང་། བོད་རང་བཙན་ཁྱབ་བསྒྲགས་བྱས་ནས་ལོ་ངོ་བརྒྱ་འཁོར་བ”ཞེས་པ་ལྟ་བུའི་མིང་ཡང་འདྲ་མིན་ཞིག་བཀོད་བཞིན་མཆིས། གང་ལྟར། དེ་ཡི་བསྟན་དོན་དངོས་ནི། བོད་ནི་ལོ་རྒྱུས་ཀྱི་སྟེང་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ན་ཡང་། ༡༩༠༥ ཡི་ལོར་ཁམས་ཁུལ་དུ་ཡོད་པའི་མན་ཇུའི་དམག་མི་བོད་དབུས་སུ་ཤར་སྐྱོད་བྱེད་འགྲོ་ཚུགས་པ་དང་། ལོ་དེའི་ཟླ་ ༢ པར་མན་ཇུའི་དམག་མི་ལྷ་སར་ཐོན་ཏེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་།

དེ་ནས་༧གོང་ས་མཆོག་རྒྱ་གར་ནས་ལོ་གཉིས་བཞུགས་རྗེས། ཕྱིར་བོད་ལ་ཕེབས་ཏེ་ལྷ་ས་ཁུལ་གྱི་མན་ཇུ་དམག་མི་དང་བཅས་པ་ཕྱིར་སྐྲོད་བཏང་བ་མ་ཟད། ད་དུང་ ༡༩༡༣ ལོའི་ཟླ་ ༢ པའི་ཚེས་ ༡༣ ཉིན་བོད་རང་བཙན་སླར་གསོའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། བོད་ཀྱི་བདག་དབང་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་བསྒྲགས་བྱས། དེར་བརྟེན། དོན་དངོས་སུ་བཤད་ན། ༡༩༡༣ ལོ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་བྱས་པའི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་ལས་དེས་ ༡༩༡༣ ལོར་བོད་རང་བཙན་གསར་དུ་རག་པ་ཞིག་སྟོན་གྱི་མེད།

ད་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༣ ཉིན་ནི་ཏག་ཏག་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་སླར་གསོ་བྱས་ཏེ་ལོ་ངོ་བརྒྱ་འཁོར་བའི་ཉིན་མོར་ཁེལ་ཡོད་སྟབས། བཙན་བྱོལ་བོད་མི་ཡོངས་དང་གཞུང་འབྲེལ་མིན་པའི་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་ལས་འགུལ་འདྲ་མིན་སྤེལ་ཏེ་གལ་ཆེན་གྱི་ཉིན་མོ་འདི་སྲུང་གཙི་བྱ་ངེས།

ལོ་ངོ་བརྒྱའི་སྔོན་གྱི་བོད་རབ་བྱུང་བཅོ་ལྔའི་ཆུ་གླང་ལོའི་ཟླ་ ༡ པའི་ཚེས་ ༨ ཉིན། ཕྱི་ལོ་ནི་ ༡༩༡༣ ལོའི་ཟླ་ ༢ ཚེས་ ༡༣ ཉིན་ལ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་གསོ་ཡི་ཡོངས་ཁྱབ་གསལ་བསྒྲགས་གནང་། ༡༩༠༥ ལོར། མན་ཇུ་སྲིད་གཞུང་གིས་བོད་ས་ཧམ་བཟུང་བྱེད་ཆེད། གཏེ་བོ་ལག་དམར་ཌའོ་ཨར་ཕུང་(趙爾豐)ཆེད་མངགས་བྱས་ཤིང་བོད་ཀྱི་ཁམས་ཁུལ་ལ་དམག་དྲངས་ཏེ། མེར་བསྲེགས་འཕྲོག་བཅོམ་དང་གཅིག་གསོད་གཉིས་གསོད་བྱས། དེ་ནས་བོད་དབུས་ཕྱོགས་ལ་ཤར་སྐྱོད་བྱས་ཏེ། མན་ཇུ་སྲིད་གཞུང་གིས་ཌའོ་ཨར་ཕུང་བློན་ཆེན་དུ་བསྐོས་བ་དང་། ཁོས་དམག་དཔུང་འབོར་ཆེན་བོད་དབུས་ཕྱོགས་སུ་དྲངས་སྟབས། འཕྲལ་དུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐྱོད་མགོ་ཚུགས།

༡༩༡༩ ལོའི་ཟླ་ ༢ པའི་ཚེས་ ༡༢ ཉིན། “ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་ཀྲུང་གོའི་དམག་མི་ལྷ་སར་འབྱོར་ཏེ་ལྷ་སའི་ཉེན་རྟོག་པར་མེ་མདའ་བརྒྱབ་ཅིང་། འགའ་ཤས་རྨས། འགའ་ཤས་བསད། ད་དུང་། གཙུག་ལག་ཁང་དུ་ཁ་གཏད་དེ་མེ་མདའ་མང་པོ་བརྒྱབ། དེ་ནས། སྨོན་ལམ་སྤྱི་ཁྱབ་ཐའི་ཇི་ཕུན་ཁང་ལ་འཕྲད་དེ་ཁོའི་བཞོན་རྟ་བསད་པ་མ་ཟད། ཁོ་རང་འཇུ་བཟུང་བྱས་ཏེ་ཨམ་བན་ལས་ཁུངས་སུ་འཁྲིད། ཁོ་རང་གི་ཕྱག་རོགས་རྩེ་མགྲོན་འཇམ་དབྱངས་རྒྱལ་མཚན་དང་འཁོར་གཡོག་ཚང་མ་ཡང་དམར་གསོད་བཏང་།”(བོད་ཀྱི་སྲིད་དོན་རྒྱལ་རབས) “ད་དུང་། ཕོ་བྲང་པོ་ཏཱ་ལར་ཁ་བལྟས་ཏེ་མེ་མདའ་ཕོན་ཆེན་བརྒྱབ།” དེ་ནས། རྒྱལ་དབང་བཅུ་གསུམ་པ་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས།

རྒྱལ་དབང་མཆོག་སྐྱབས་བཅོལ་དུ་ཕེབས་དགོས་རྐྱེན་ནི། རྒྱལ་དབང་བཅུ་གསུམ་པ་པེ་ཅིན་ནས་ཕྱིར་ལྷ་སར་ཕེབས་སྐབས། མན་ཇུས་བོད་ས་ཧམ་བཟུང་བྱེད་ཆེད་དུ་རྒྱལ་དབང་དང་བཀའ་ཤག་གི་དབང་ཆ་ལ་སྟངས་འཛིན་བྱེད་ཐབས་བྱས་པ། དེ་ནས། ལྷ་སའི་བམ་ཨན་བློན་ཆེན་ལེན་ཡུ་( 聯豫)ཡིས་ཧམ་སེམས་མེ་ལྟར་འབར་ཏེ་བོད་ཀྱི་ཆེས་མཐོའི་དབང་ཆ་སྒེར་འཛིན་གྱི་ངན་སེམས་བཅངས། གཞན་ཡང་། མན་ཇུ་ཡིས་དམག་མི་ཉིས་སྟོང་བོད་དུ་བཏང་བ་བཅས་ཡིན།

༡༩༡༠ ལོའི་ཟླ་ ༢ པའི་ཚེས་ ༡༢ ཉིན། རྒྱལ་དབང་མཆོག་གི་འཕྲལ་སྟབས་ཀྱིས་བཀའ་ཤག་དང་དགའ་ལྡན་ཁྲི་བ་བཅས་དང་ལྷན་དུ་ཚོགས་འདུ་བསྐོངས་ཏེ། དགའ་ལྡན་ཁྲི་པ་བློ་བཟང་དར་རྒྱས་དང་ཚེ་སྨོན་གླིང་རྣམ་གཉིས་སྲིད་ཚབ་དུ་བཞག་ཅིང་། ཚ་རོང་དབང་ཕྱུག་རྒྱལ་པོར་སྲིད་ཕྱོགས་ནས་གྲོགས་དམ་བྱེད་དགོས་པར་སྐུལ་ཏེ། བཀའ་བློན་དྲུག་དང་ཆབས་ཅིག་རྒྱལ་དབང་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས། ཆིན་དམག་གིས་རྗེས་བསྙེགས་བྱས་ཀྱང་། རྒྱལ་དབང་གི་སྐུ་སྲུང་དམག་གིས་འགོག་རྒོལ་གྱི་གཡུལ་འགྱེད་བྱས་མཐར། བདེ་བླག་ཏུ་རྒྱ་གར་ལ་འབྱོར།

རྒྱལ་དབང་མཆོག་གིས་<<རང་བཙན་བསྒྲགས་གཏམ>>་གནང་བ་ལྟར། “བར་ལམ་ཟི་ཁྲོན་དང་། ཡུན་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ས་ཟ་སེམས་ཀྱིས་དབང་ཤུགས་བརྡབ་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷགས་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས། གཅིག་འོག་ཏུ་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བསྐྱོད་དེ་པི་ཅིང་རང་ལ་ལྕགས་སྐུད་ཐོག་ནས་བཀའ་མོལ་ཞུ་རྩིས་དི་ལྟར་ཡང་། ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམག་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་བ་དང་།  ”  (སྒྱུར་པ་པོའི་མཆན། གོང་གི་དུམ་ཚན་དེ་བོད་ཡིག་ཏུ་ཡོད་པའི་བོད་བཙན་བསྒྲགས་གཏམ་ནས་ཇི་བཞིན་ཕབ་བཤུས་བྱས་པ་ཡིན)

རྒྱལ་དབང་མཆོག་རྒྱ་གར་ནང་བཞུགས་ཡུན་རིང་ལྷ་སའི་བཀའ་ཤག་གི་འཐུས་མི་དང་རྟག་པར་འབྲེལ་བ་དམ་ཟབ་གནང་གི་ཡོད། བཀའ་ཤག་གིས་སྔ་གཞུག་ལ་དྲུང་ཡིག་ཆེན་མོ་བསྟན་འཛིན་ཆོས་རྒྱལ་དང་མཁན་པོ་ཕོ་ལྷ་འཇམ་པ་ཆོས་རྒྱལ། ད་དུང་དགོན་ཆེན་གསུམ་གྱི་འཐུས་མི་སོགས་སེར་སྐྱ་དཔོན་རིགས་བཅས་རྒྱ་གར་དུ་མངགས་ཏེ། རྒྱལ་དབང་མཆོག་དང་མཇལ་འཕྲད་བྱས་པ་མ་ཟད། བཀའ་ཤག་གི་སྙན་གསེང་ཡང་ཡར་ཞུ་བྱས་ཡོད། གང་ལྟར། མི་སྣ་འདི་དག་དང་གློག་འཕྲིན་སོགས་བརྒྱུད་དེ། རྒྱལ་དབང་མཆོག་དང་བཀའ་ཤག དགོན་ཆེན་གསུམ་གྱི་འབྲེལ་ལམ་རྒྱུན་གནས་དང་དམ་ཟབ་བྱེད་ཀྱིན་ཡོད། དེ་བས། བོད་ནང་ལ་གནས་ཚུལ་འདྲ་ལྷགས་ཚེ། རྒྱལ་དབང་མཆོག་ལ་སྙན་གསེང་ཞུ་དགོས་ཤིང་། གལ་འགངས་ཆེ་བའི་གནད་དོན་ཐག་གཅོད་ཀྱི་ཐད་ལ་ཡང་ཁོང་གིས་ཞལ་བཞེས་གནང་དགོས་ཀྱི་ཡོད།

རྒྱལ་དབང་མཆོག་ཕྱིར་བོད་ལ་ཕེབས་རྗེས། ཕྱག་ལས་དང་པོ་དེ་ནི་ཨན་པན་བློན་ཆེན་ཁྲོན་དང་ལེན (鍾,   聯)་གཉིས་ལ་བཀའ་རྒྱ་ཕེབས་ཏེ་ཕྱིར་བསྐྲད་པ་དེ་ཡིན། བོད་མི་ཚོས་སྒྲིག་ཁྲིམས་མེད་པའི་ཀྲུང་གོའི་དམག་ལ་གཡུལ་འགྱེད་བྱས་ཏེ་རྒྱལ་ཁ་ཐོབ་རྗེས། ཀྲུང་གོས་ངེས་པར་དུ བོད་མི་ལ་མགོ་སྒུར་བྱེད་དགོས་པ་དང་། མགྱོགས་མྱུར་གྱི་ངང་ནས་ཕྱིར་ཀྲུང་གོར་ལོག་པར་བྱས།

ཕྱི་ལོ་ ༡༩༡༢ ལོའི་དབྱར་ཁ། བོད་དང་མན་ཇུ་ཡིས་བལ་ཡུལ་ལ་ཞི་འགྲིག་བྱེད་པའི་དང་ལེན་བྱས། དེ་ནི་མན་ཇུ་དམག་མི་མགོ་སྒུར་བྱས་རྗེས་བོད་ཁུལ་དང་བྲལདགོས་པའི་གྲོས་མཐུན་དང་འབྲེལ་བ་ཡོད། དེར་ནང་དོན་གསུམ་འདུས་ཏེ། མན་ཇུ་དང་ཀྲུང་གོའི་དམག་མི་ངེས་པར་ཏུ་ཉིན་བཅོ་ལྔ་ནང་ལ་མགོ་སྒུར་བྱས་ཏེ་བོད་དང་ཁ་བྲལ་དགོས། བོད་ཀྱིས་ཕྱིར་ལོག་བྱེད་མཁན་གྱི་ཀྲུང་གོའི་དམག་མི་རྣམས་རྒྱ་གར་དུ་སྐྱོད་པའི་ལམ་ཁའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་། ཡིན་ན་ཡང་། ཁོ་ཚོའི་མཚོན་ཆ་ཡོད་དོ་ཅོག་བོད་གཞུང་ལ་རྩིས་སྤྲོད་བྱེད་དགོས་པ་བཅས་ཡིན།

ཡིན་ན་ཡང་། པེ་ཅིན་ནས་གསང་འཕྲིན་ཞིག་འབྱོར་བ་དང་རྐྱེན་བྱས་ཏེ། ཅུང་ཡུན(鐘穎) གྱིས་དོན་ཚན་གསུམ་གྱི་གྲོས་མཐུན་དེ་རྩིས་མེད་དུ་བཏང་བ་མ་ཟད། ལྷ་ས་ནས་ཕྱིར་ལོག་པར་ཡང་ནར་འགྱངས་བྱས། དེ་ནས་བོད་གཞུང་གིས་ཁོ་དང་ལེན་ཡུ་(聯豫) གཉིས་ལ་འཇིགས་སྐུལ་བྱས་ཏེ་དམག་དཔུང་ཕྱིར་འཐེན་དགོས་པའི་ལས་འགུལ་སྤེལ་བ་ན། ཕྱོགས་གཉིས་ཀ་བསྐྱར་དུ་འཐབ་འཛིང་དྲག་པོ་བྱུང་།  ཟླ་ ༡༢ བའི་ཚེས་ ༡༤ ལ་ཕེབས་པ་ན། འཕྲོ་ལྷག་གི་དམག་མི་ཚོས་མགོ་སྒུར་བྱས་ཡོད་པ་མ་ཟད། དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་གསར་པ་ཞིག་ཀྱང་བཞག དེ་ནས། ༡༩༡༣ ལོའི་ཟླ་ ༡ ཚེས་ ༦ ཉིན། ཅུང་ཡུན་དང་ཁོའི་ཆེས་མཐའ་མཇུག་གི་དམག་འཁོར་རྣམས་ལྷ་ས་ནས་ཕྱིར་ཐོན།

འདིས་ཅི་ཞིག་མཚོན་གྱི་ཡོད་ཅེ་ན། མན་ཇུའི་སྲིད་གཞུང་གི་དམག་མི་ཡོད་དོ་ཅོག་བོད་རྒྱལ་ས་ལྷ་ས་ནས་ཕྱིར་ཐོན་བྱས་པ་དང་། བོད་ཀྱི་དབུས་ཕྱོགས་སུ་མན་ཇུའི་དམག་མི་གཅིག་ཀྱང་མེད་པ། ད་དུང་། བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་ཤོས་ཀྱི་བོད་དམག་རྣམས་ཕྱིར་འཐེན་བྱེད་པའི་སྐབས་ཡིན་པ་མ་ཟད། རྒྱལ་དབང་མཆོག་གཟབ་རྒྱས་ངང་ལྷ་སར་ཞབས་སོར་འཁོད་ཡོད་པ་དེའོ།།

ཕྱི་ལོ་ ༡༩༡༣ ལོའི་ཟླ་ ༢ པའི་ཚེས་ ༡༣ ཉིན། རྒྱལ་དབང་མཆོག་གིས་ཕོ་བྲང་པོ་ཏ་ལ་ནས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ཁྱབ་བསྒྲགས་བྱས། གཞན་ཡང་བཀའ་ཤག་གིས་ཀྱང་འདི་ལྟར་བཀའ་རྒྱ་ཕེབས་ཡོད་དེ། “བཀའ་རྩ་འདི་བོད་ཁུལ་ཡོངས་ལ་འགྲེམས་སྤེལ་བྱེད་དགོས་པ་མ་ཟད། རྫོང་དཔོན་ཀུན་གྱིས་ཕབ་བཤུས་བྱས་ཏེ་ཉར་ཚགས་ཀྱང་བྱེད་དགོས།”བཀའ་རྩ་འདི་དང་ཉེ་སྔོན་ཡོན་ཤི་ཁས་(袁世凯)ནས་ཏཱ་ལའི་བླ་མའི་མཚན་གནས་སླར་གསོ་བྱས་པར་ཞལ་བཞེས་མ་གནང་བ་བྱས་ཏེ། གཞུང་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱས།

གཞན་ཡང་། རྒྱལ་དབང་བཅུ་གསུམ་པ་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ཏེ་ཆབ་སྲིད་མི་སྣ་གང་མང་ལ་མཇལ་འཕྲད་བྱས་པ་དང་། འཛམ་གླིང་གི་འགྱུར་ལྡོག་མང་པོ་ཞིག་མཁྱེན་རྟོགས་བྱུང་སྟེ་རྒྱལ་ཁབ་རང་བཙན་ཡིན་དགོས་པའི་གལ་ཆེན་རང་བཞིན་དེ་ཡང་ངོས་ཟིན་ཐོབ། དེར་བརྟེན། རྒྱལ་དབང་མཆོག་ ༡༩༡༢ ལོའི་ཟླ་ ༡༢ བའི་ཚེས་ ༢༩ ཉིན་གྱི་དོན་ཚན་དགུ་ཡོད་པའི་<<བོད་སོག་ཡུ་གུར་ཆིངས་ཡིག>>གི་སྐབས་ལ་ཡང་ཞབས་སོར་འཁོད་ཐུབ་མེད། ཆིངས་ཡིག་དེ་ཡི་དོན་ཚན་དང་པོ་ནི། ཞྭ་སེར་བསྟན་པའི་བདག་པོ་རྗེ་བཙུན་དམ་པ་སོག་པོའི་ལུང་པའི་བདག་པོེར་ལྕགས་ཕག་ལོ། ཟླ་ ༡༡ ཚེས་ཉིན་དྲིལ་བསྒྲགས་བྱས་པ་ལྟར་བོད་ཀྱི་དབུ་འཛིན་ཏཱ་ལའི་བླ་མ་ནས་ངོས་འཛིན་དང་། ཁས་ལེན་ཆ་འཇོག་གནང་རྒྱུ། དོན་ཚན་གཉིས་པ་ནི། སྐྱབས་མགོན་ཏཱ་ལའི་བླ་མ་བོད་རང་དང་རང་བཙན་གྱི་བདག་པོ་རྗེ་བཙུན་དམ་པ་ནས་ངོས་འཛིན་དང་། ཁས་ལེན་ཆ་འཇོག་གནང་རྒྱུ། (སྒྱུར་པ་པོའི་མཆན། དོན་ཚན་འདི་གཉིས་བོད་ཡིག་ཐོག་ཡོད་པའི་ཆིངས་ཡིག་ལས་ཇི་བཞིན་ཕབ་བཤུས་བྱས་པ་ཡིན།)

སྐབས་དེར། བོད་སོག་གཉིས་ཀྱིས་ཕན་ཚུན་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ཁས་ལེན་བྱས་ཡོད། གཞན་ཡང་། ཐེངས་འདིའི་མན་ཇུས་བོད་ལ་བཙན་འཛུལ་བྱས་པ་དེ་ཡིིས་རྒྱལ་དབང་བཅུ་གསུམ་པ་ལ་རྒྱལ་ཁབ་ཀྱི་རང་བཙན་དང་དམག་དོན་ལ་སྟོབས་ཤུགས་དགོས་པའི་གལ་ཆེན་རང་བཞིན་དེ་གསལ་གསལ་ཐང་ཐང་གིས་ངོས་ཟིན་ཐོབ་པར་བྱས། དེ་བས། རྗེས་ནས་རྒྱལ་དབང་མཆོག་དང་བོད་གཞུང་གིས་བཅོས་བསྒྱུར་དང་འཛུགས་བསྐྲུན་བྱེད་མགོ་ཚུགས། དེ་ཡི་ཁྲོད་ཀྱི་གཅིག་ནི་དེང་རབས་དམག་དཔུང་གསར་འཛུགས་གནང་བ་དེ་ཡིན།

ལོ་ངོ་བརྒྱའི་ཡར་སྔོན་ལ་རྒྱལ་དབང་བཅུ་གསུམ་པས་བོད་རང་བཙན་བསྐྱར་གསོ་ཡི་ཁྱབ་བསྒྲགས་བྱས་སྟབས། དེ་ཡིས་བོད་ནི་ལོ་རྒྱུས་ཀྱི་སྟེང་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད་ཅིང་། བོད་རྒྱ་ཆེ་མི་མང་གིས་ཀྱང་ལོ་རྒྱུས་ཀྱི་དོན་དངོས་འདི་ངོས་ལེན་བྱེད་བཞིན་ཡོད། ཀྲུང་གོས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་བོད་ལ་བཙན་འཛུལ་བྱེད་ཐེངས་རེར། བོད་གཞུང་གི་ངོ་ནས་རྟག་པར་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་རྣམ་པའི་ཐོག་ནས་ཕན་ཚུན་བར་གྱི་འབྲེལ་ལམ་དང་གྲོས་མོལ། ཆིངས་ཡིག་སོགས་འཇོག་གི་ཡོད། དཔེར་ན། ༡༩༡༨ ལོར། བོད་དམག་རྣམས་ཁྲིན་ཏུའུ་མཁར་ནས་ཕྱིར་འཐེན་བྱས་རྗེས། ཤོག་ཁག་གཉིས་སུ་བགོས་ཏེ་ལྷོ་བྱང་སོ་སོར་བསྐྱོད། དེ་ནས། ལྷོ་ཕྱོགས་སུ་བསྐྱོད་པའི་བོད་དམག་གིས་འབྲི་ཆུའི་འགྲམ་གྱི་གྲོང་སྡེ་བཅུ་གསུམ་དབང་དུ་བསྡུས་པ་མ་ཟད། འབྲི་ཆུར་བརྒལ་ཏེ་དཀར་མཛེས་ཀྱི་མཐའ་བསྐོར།

བོད་དམག་གིས་རྣམ་པར་རྒྱལ་རྒྱའི་གྲ་སྒྲིག་བྱས་ཏེ་བོད་ཁུལ་དུ་བསྐྱོད་སྐབས་སུ། (དེང་གི་དཀར་མཛེས་དང་ཡུན་ནན་གྱི་ལྷོ་ཕྱོགས་ས་ཁུལ) ཀྲུང་གོའི་ཕྱོགས་ནས་རྒྱ་དཔོན་ཝང་ཅིག་ཅེན་དང་ཧན་ཀོང་ཅུན་གཉིས་ལྷ་སར་འཕྲལ་དུ་མངགས་ཏེ། བཀའ་བློན་དང་དམག་ཞི་འཇགས་ཀྱི་གྲོས་བསྡུར་བྱས། ཕྱོགས་གཞན་ཞིག་ནས། མི་སྣ་ཆེད་མངགས་ཀྱིས་བོད་དམག་དང་ཞི་མོལ་བྱས། ད་དུང་། དམག་འཁྲུག་མཚམས་འཇོག་ཡོང་བར་དབྱིན་ཇི་ལ་རེ་སྐུལ་ཞུས་ཏེ་ཀྲེ་ཅེ་མན་གྱིས་བར་འདུམ་བྱས་ཡོད།

བོད་གཞུང་གི་བཀའ་བློན་འཇམ་པ་བརྟན་དར་དང་ཀྲུང་གོའི་སི་ཁྲོན་དམག་གི་སྐུ་ཚབ་ལིའུ་ཚལ་ཏིང་། དབྱིན་གཞུང་གི་མི་སྣ་ཀྲེ་ཅེ་མན་བཅས་ཁྲིན་ཏུའུ་ནས་མཇལ་འཕྲད་བྱས་ཏེ་གྲོས་མོལ་བྱས།

གཞུག་ནས་ཀྲུང་གོས་ཆིངས་ཡིག་དེ་ངོས་ལེན་ཁྱོན་ནས་མ་བྱས། དོན་དངོས་སུ་རྒྱ་བོད་གཉིས་དང་དབྱིན་གཞུང་བཅས་ཕྱོགས་གསུམ་ནས་ས་ཡིག་དང་ཐམ་ག་བརྒྱབ་ཡོད་པ་མ་ཟད། ༡༩༨༡ ལོའི་ཟླ་ ༡༠ བའི་ཚེས་ ༡༠ ཉིན་ལ་བཞག་པའི་<<རོང་པ་ཚ་ཆིངས་ཡིག>>ལ་ཡང་གཞི་བཞག་ཡོད་པ་ཞིག་ཡིན།

༡༩༣༣ ལོའི་ཟླ་ ༤ བར། ཁྲིམས་མེད་ལུགས་མེད་ཀྱི་བོད་གཞུང་དང་ཨ་མདོ་ས་ཁུལ་ལ་བདག་དབང་བྱེད་མཁན་གྱི་མ་པུ་ཧྥིང་གིས་<<བོད་ཟི་ཆིངས་ཡིག>>བཞག (བོད་གཞུང་དང་ཟི་ལིང་གི་དཔོན་མ་པུ་ཧྥང་གི་བར་ནས་བཞག་པའི་ཆིངས་ཡིག་ཅིག)

ཆེས་མཐའ་འཇུག་དེ་ནི། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་རྗེས། ༡༩༤༩ ལོའི་ཟླ་ ༥ བའི་ཚེས་ ༢༣ ཉིན་བཙན་ཚུགས་ཀྱིས་བཞག་པའི་<<རྒྱ་བོད་ཆིངས་ཡིག>>དང་དེ་ལ་རྒྱ་དམར་གྱིས་<<ཆིངས་ཡིག་དོན་ཚན་བཅུ་བདུན>>ཞེས་བརྗོད་ཀྱི་ཡོད་པ་དེ་ཡིན།

གང་ལྟར། གོང་གི་ལོ་རྒྱུས་དོན་རྐྱེན་དེ་དག་གིས་བོད་ལོ་རྒྱུས་ཀྱི་སྟེང་ནས་རང་བཙན་གཙང་མ་ཡིན་པ་དེ་བཀབ་སྦས་བྱེད་ཐབས་མེད། སྟོབས་ཆེན་སྲིད་གཞུང་དང་ཆབ་སྲིད་དམིགས་འབེན་ལྡན་པའི་མི་མང་གིས་ཇི་ལྟར་བརྗེ་སྒྱུར་བྱས་ཀྱང་། བོད་རྒྱ་ཆེ་མི་མང་གིས་ནམ་ཡང་ངོས་ལེན་བྱེད་མི་སྲིད། བོད་ཀྱི་ལོ་རྒྱུས་ནི་བོད་མི་ཡིས་འབྲི་བཞིན་ཡོད་པ་ལས། མི་སེར་དབང་བསྒྱུར་པ་དང་དབང་ཆ་སྒེར་སྡོམ་པ་ནི་མིན་ནོ།
༢༠༡༣ ལོའི་ཕྱི་ཟླ་༢ པ།

མ་རྩོམ་དྲ་ཐག  http://sangjey.blogspot.in/2013/01/blog-post_25.html

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up