རང་བཙན་། བོད་མི་དམངས་ཀྱི་མངོན་འདོད་།

བཙན་བྱོལ་བོད་མིའི་གྲངས་འབོར་ནི་གཞིས་བཞུགས་བོད་མིའི་བརྒྱ་ཆ་གཉིས་ཙམ་ལས་ཟིན་གི་མེད་ན། མ་འོངས་བོད་སྤྱིའི་ཆབ་སྲིད་ལངས་ཕྱོགས་ཅི་ལྟར་ཐག་གཅོད་བྱ་ཕོད།

སད་མི།

འགྲོ་བ་མིའི་སྡུག་བསྔལ་ཐམས་ཅད་ཀྱི་ནང་དུ། རྒྱལ་ཁབ་གཅིག་ཧྲིལ་ལེ་ཤོར་སོང་བ་དང་། མི་རིགས་ཤིག་ལིང་ངེ་སྟོང་འགྲོ་བའི་སྡུག་བསྔལ་ལས་ལྕི་བ་ཞིག་སྲིད་པ་འདིར་མེད་ཁོ་ཐག་ཡིན།
ང་ཚོས་མི་ལོ་བརྒྱ་ཕྲག་ཁ་ཤས་ཚུན་གྱི་འཛམ་གླིང་ས་ཁྲ་འདིར་ཕྱིར་མིག་ཅིག་འཕངས་ན། རྒྱལ་ཁབ་ཧ་ཅང་མང་པོ་ཞིག་གི་ས་ཁྲ་ལ་འགྱུར་བ་སོང་ཡོད་པ་ཤེས་ཐུབ་ལ། རྒྱལ་ཁབ་ཅི་འདྲའི་མང་པོ་ཞིག་གི་རང་ཉིད་ཀྱི་བདག་དབང་མི་ལག་ཤོར་སོང་བ་དང་། ཡང་རྒྱལ་ཁབ་ཅི་འདྲའི་མང་པོ་ཞིག་གིས་རང་ཉིད་ཀྱི་རྒྱལ་ཁབ་སླར་གསོ་ཐུབ་ཡོད་པ་ཤེས་རྒྱུ་ཡོད།
ཐོག་མར་ལྗིའུ་མི་རིགས་སོང་ཤུལ་ལ་རྒྱང་ལྟ་ཙམ་བྱས་ན། སྤྱི་ལོའི་གོང་མི་ལོ་ ༥༨༦ ནས་ལྗིའུ་མི་རིགས་འཛམ་གླིང་ས་ཕྱོགས་གང་སར་གཏོར། མི་ལོ་ཉིས་སྟོང་ཙམ་གྱི་ལོ་ཟླའི་འཁོར་ཡུན་ཁྲོད་དུ། ལྗིའུ་བ་ཚོ་ཐེངས་ལྔ་ཡུལ་གྱར་དུ་འགྲོ་དགོས་ཐུག དེ་དག་ནི་སྤྱི་ལོའི་སྔོན་མི་ལོ་དྲུག་བརྒྱ་ཉེ་བའི་སྐབས་དང་། དུས་རབས་དང་པོ་གཡས་གཡོན། དུས་རབས་བཅུ་གསུམ་ནས་བཅུ་བཞི་བར། དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་བཞི་བཅུ་སོགས་ཀྱི་ནང་དུ་ལྗིའུ་བ་ཚོ་ཡུལ་གྱར་ལ་བརྫངས་བའི་གནས་སྟངས་དེ་ནི་ཧ་ཅང་རྙོག་འཛིང་ཆེ་ལ། གཏིང་རིང་བའི་ལོ་རྒྱུས་རྒྱབ་ལྗོངས་ཡོད། ཆོས་ལུགས་ཀྱི་ཆེད་དུ་ལྗིའུ་བ་ཚོ་དབྱེ་བཀར་དང་རྒྱང་འབུད་བྱས་པ་ནི་གཏོར་བཅོམ་ལས་འགུལ་གྱི་བརྒྱ་ཆ་མང་ངོས་ཟིན་ཡོད།

ལྗིའུ་མི་རིགས་འདི་ནི་ངར་ལྕགས་ཀྱི་གོང་བུ་འབའ་ཞིག་ཡིན་ལ། དུས་རིང་དེ་དག་གི་དཀའ་ངལ་ཐམས་ཅད་དང་དུ་བླངས་ཁྱད་དུ་བསད་པར་བརྟེན། མཐའ་མར་ ༡༩༤༨ ལོར་དབྱི་སི་རལ་རང་བཙན་རྒྱལ་ཁབ་འདི་གསར་དུ་བཙུགས་ཐུབ་པ་རེད། འདི་ནི་མི་ལོ་ཉིས་སྟོང་ལྷག་རྗེས་ནས་ཐོབ་པའི་རྒྱལ་ཁ་ཆེན་པོ་ཞིག་རེད་ལ། ལྗིའུ་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་རེད། ལྗིའུ་མི་རིགས་ཀྱིས་འགྲོ་བ་མིའི་རིགས་ལ་དཔར་བའི་རྐང་རྗེས་གསོན་པོ་ཞིག་ཀྱང་ཡིན།

ཉེ་རབས་རང་བཙན་ལས་འགུལ།
ཝེ་ཁེ་རིག་མཛོད་ལྟར་ན། དུས་རབས་བཅོ་ལྔ་པའི་མཇུག་ཙམ་ནས་བཟུང་སྟེ་འཛམ་གླིང་འདིར་རྒྱལ་ཁབ་གཅིག་གིས་གཅིག་ལ་ཐུབ་ཚོད་བཏང་ནས་མི་སེར་སྤེལ་བའི་ཧམ་འཛུལ་རིང་ལུགས་འདི་མགོ་བརྩམས་པ་རེད་ལ། མི་སེར་སྤེལ་སའི་མི་དམངས་ཚོས་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་དབྱིན་ཇི་དང་། ཕོ་ཆུ་ཀལ། སི་པན། འཇར་པན། ཧྥ་རན་སི་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་རེད།

༡༨༠༤ ལོར་ཧེ་ཐི་ཡིས་རང་བཙན་བསྒྲགས་གཏམ་སྤེལ་བ་དང་། ཧྥ་རན་སིར་ངོ་རྒོལ་དྲག་པོ་བྱས་ཏེ་ཁ་གཏད་ལས་རྣམ་པར་རྒྱལ། འདི་ནི་ལ་ཏིང་མེ་གླིང་དུ་སྐུ་བལྟམས་པའི་རང་བཙན་རྒྱལ་ཁབ་ཐོག་མ་དེ་རེད་ལ། ཉེ་རབས་ལོ་རྒྱུས་ནང་དུ་ཤ་མདོག་ནག་པོའི་མིས་བཙུགས་པའི་རང་བཙན་རྒྱལ་ཁབ་དང་པོ་དེའང་རེད། དེ་ནས་བཟུང་སྟེ། ལ་ཏིང་མེ་གླིང་དུ་ཆུ་རགས་ཤོར་བ་ལྟར། ས་ཁུལ་དང་མི་རིགས་སོ་སོས་གཅིག་རྗེས་གཉིས་མཐུད་སྒོ་ནས་མི་སེར་སྤེལ་མཁན་བཙན་རྒྱལ་བའི་དམག་དཔུང་དག་ལ་དྲག་པོའི་འཐབ་རྒོལ་བྱས་ཏེ་རང་བཙན་རྒྱལ་ཁབ་བཙུགས་པ་དཔེར་ན། ༡༨༡༠ ལོར། ཁོ་ལོམ་པི་ཡ། ཝེ་ནེ་ཙེའུ་ལ། ཨེ་ཁྭ་ཏོར། ཕ་ན་མ་བཅས་རང་བཙན་ཐོབ། ༡༨༡༦ ལོར་ཨ་ཀེན་ཐིན་རང་བཙན་ཐོབ། ༡༨༡༧ ལོར་ཆི་ལི་རང་བཙན་ཐོབ། ༡༨༢༡ ལོར་ཕེ་རུ་དང་མོ་ཞི་ཁོ་རང་བཙན་ཐོབ། ༡༨༢༢ ལོར་ཕེ་ར་ཀེ་རང་བཙན་ཐོབ། ༡༨༢༣ ལོར་ཀུའེ་ཐི་མ་ལ། སར་ཝ་ཏོལ། ཧོང་ཏུ་ར་སི། ཁོ་སི་ཐ་རི་ཁ་བཅས་རང་བཙན་ཐོབ། ༡༨༢༥ ལོར་པོ་ལི་ཝེ་ཡ་རང་བཙན་ཐོབ། ༡༨༤༤ ལོར་ཏོ་སྨི་ནི་ཁ་རང་བཙན་ཐོབ་རྗེས་ལ་ཏིང་མེ་གླིང་རང་བཙན་ལས་འགུལ་རེ་ཞིག་མཇུག་རྫོགས།

དུས་རབས་ཉི་ཤུའི་ནང་གླིང་ཆེན་ཨ་ཧྥེ་རི་ཁའི་རང་བཙན་ལས་འགུལ་སྐོར། ཨེ་ཅེབ་ ༡༨༠༡ ལོར་ཧྥ་རན་སིའི་བཙན་འོག་ལས་རང་བཙན་ཐོབ། ༡༨༨༡ ལོར་སུའུ་ཏན་མི་དམངས་ཀྱིས་ཨེ་ཅེབ་དང་དབྱིན་ཇིའི་མི་སེར་སྤེལ་བའི་བཙན་ཤེད་ལས་ཐར་ཏེ་རང་བཙན་ཐོབ། ༡༨༩༦ ལོར་ཨེ་ཙེ་ཨོ་ཕི་ཡས་དབྱི་ཐ་ལིའི་དམག་འཐབ་ལས་རྣམ་པར་རྒྱལ་ནས་རང་བཙན་རྒྱལ་ཁབ་བསུས། ༡༩༡༠ ལོར་ལྷོ་ཨ་ཧྥེ་རི་ཁ་དབྱིན་ཇི་བཙན་རྒྱལ་བའི་འོག་ནས་རང་བཙན་ཐོབ།

༡༩༠༡ ལོར་ཨོ་སི་ཁྲུ་ལི་ཡ་དབྱིན་ཇིའི་བཙན་འོག་ནས་ཐར་ཏེ་རང་བཙན་གསོས། ཁ་ན་ཀྲའི་མངའ་རིས་ཁུ་པེ་ཁེ་ ༡༧༦༣ ལོར་ཧྥ་རན་སིའི་བཙན་འོག་ནས་ཐར། ༡༩༣༡ ལོར་ཁ་ན་ཀྲ་ཡོངས་རྫོགས་དབྱིན་ཇིའི་བཙན་འོག་ལས་གྲོལ། ད་དུང་ཡོ་རོབ་ཁུལ་གྱི་སི་པན་དང་ཧང་ཀི་རི། ཕོ་ལན་བཅས་དུས་རབས་གོང་མའི་ནང་སྔ་ཕྱིར་རང་བཙན་བསྐྱར་གསོ་བྱས་པ་རེད།

ཨེ་ཤི་ཡར་མཚོན་ན། ༡༩༤༥ ལོར་ཁོ་རེ་ཡས་འཇར་པར་བཙན་རྒྱལ་བའི་མི་ལོ་སོ་བདུན་རིང་བཙན་གནོན་བཀྲོལ་ཏེ་རང་བཙན་ཐོབ། ༡༩༤༥ ལོར་ཐེ་ཝན་མི་དམངས་ཀྱིས་འཇར་པན་བཙན་རྒྱལ་བའི་མི་ལོ་ལྔ་བཅུའི་གཉའ་གནོན་བཀྲོལ་ནས་དོན་དམ་སྒོ་ནས་རང་བཙན་བླངས། དེ་ལྟར་དབྱི་རན་བདག་དབང་བསྐྱར་གསོ་བྱས་ལ། རྒྱ་ནག་རང་བཙན་བསྐྱར་གསོ་ཐེངས་གཉིས་བྱས། འདིར་ཡང་བསྐྱར་བཤད་ན། ༡༣༦༨ ལོར་རྒྱ་རྒན་ཀྲུའུ་ཡོན་ཀྲང་གི་སྣེ་ཁྲིད་འོག་རྒྱ་ནག་སོག་པོའི་དབང་སྒྱུར་ལས་ཐར་ཏེ་མི་ལོ་ ༨༨ ཀྱི་གཉའ་གནོན་བཀྲོལ་ཏེ་རང་བཙན་བསྐྱར་གསོ་བྱས་པ་དང་། ཡང་མི་ལོ་ ༢༦༧ རིང་མན་ཇུའི་བཙན་འོག་ཏུ་བཙུད་རྗེས། མཐར་ ༡༩༡༡ ལོར་སུན་ཀྲུང་ཧྲང་གིས་མན་ཇུ་བ་ཕྱིར་འབུད་བྱས་ནས་རྒྱ་མི་རང་བཙན་བསྐྱར་གསོ་ཐེངས་གཉིས་པ་བྱས་པ་རེད། དེས་མ་ཚད། རྒྱ་ནག་གིས་མི་ལོ་བརྒྱད་རིང་འཇར་པན་བཙན་འཛུལ་བ་དང་འཐབ་རྒོལ་བྱས་ཏེ་ ༡༩༤༥ ལོར་འཇར་པན་བ་མཐར་བསྐྲོད་བཏང་ནས་རང་བཙན་བསྲུང་ཐུབ་པ་རེད། ༡༩༤༧ ལོར་རྒྱ་གར་བ་དབྱིན་ཇི་བཙན་རྒྱལ་བའི་དབང་སྒྱུར་ལས་རྣམ་པར་རྒྱལ་ཏེ་མི་ལོ་ཉིས་བརྒྱ་ཡི་བཙན་འཛུལ་གོ་རིམ་མཇུག་རྫོགས་ནས་རང་བཙན་བསྐྱར་དུ་བསུས་པ་རེད།

རྒྱ་མི་གླེང་བ།
༡༩༥༠ ལོར་རྒྱ་དམག་གིས་ཁྲིམས་འགལ་སྒོ་ནས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་དང་། བོད་འབངས་ཁྲི་འབུམ་དུ་མ་དམར་གསོད་བཏང་ནས་བོད་རྒྱལ་ཁབ་བཙན་བཟུང་བྱས་པ་རེད། དེ་ནས་བཟུང་སྟེ་བོད་རྒྱ་ཆེའི་མི་དམངས་རྒྱ་ནག་པོའི་གདུག་རྩུབ་དང་། གཉའ་གནོན། ཐུབ་ཚོད་སོགས་དཀའ་སྡུག་རྫོགས་མཐའ་མེད་པ་ཞིག་མྱོང་བཞིན་ཡོད་པ་ནི་ཧ་ཅང་བརྗོད་དཀའ་བའི་གནད་དོན་ཆེན་པོ་ཞིག་ཡིན་ལ། སྲིད་པ་མཐའ་ལ་ཐུག་གི་བར་དུ་ཡལ་ཐབས་མེད་པའི་ཞེ་འཁོན་དྲག་པོ་ཞིག་སྦྲུམ་ཡོད།

ཙི་ན་བ་ཚོས་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་རང་ཉིད་འཛམ་གླིང་གི་ས་གཞིའི་ལྟེ་བ་དང་དཀྱིལ་དབུས་ཤིག་ཏུ་ངོས་འཛིན་བྱེད་པ་རེད་ལ། མཐའ་འཁོར་རྒྱལ་ཁབ་ཙམ་དུ་མ་ཟད། རྒྱལ་ཁབ་གཞན་དང་གཞན་ཐམས་ཅད་ཁོ་རང་གི་འཁོར་དུ་འདོད། བོད་དང་ཤར་ཏུ་ཁི་སི་ཐན། སོག་པོ། མན་ཇུ་སོགས་ནས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་ཕན་ཚུན་སྤྲོད་རེས་བྱས་པའི་ཚོང་འབྲེལ་ལག་རྟགས་དེ་དག རྒྱ་ནག་གི་ལོ་རྒྱུས་ཡིག་མཁན་ཚོས་ཁོང་ཅག་ནི་རྒྱ་ནག་གི་མངའ་ཁོངས་ཡིན་སྟབས་འབུལ་རྟེན་ཕུལ་བ་རེད་ཟེར་ནས་ལོ་རྒྱུས་ཁ་སྒྱུར་བྱས་ཏེ་འབྲི་བ་དང་། རྒྱལ་པོར་སྤྱན་བསྟར་ཞུས་རྗེས་མཐའ་མའི་ལོ་རྒྱུས་ཡིག་ཚགས་སུ་གཏན་འབེབས་བྱེད་པ་རེད།

མན་ཇུས་རྒྱ་ནག་དབང་སྒྱུར་བྱས་པའི་ཡུན་དུ་བོད་ཀྱང་བཟའ་བར་བརྩམས་ནས་བོད་ཡུལ་དུ་གསོག་གསོབ་ཀྱི་དོན་གཅོད་ལས་ཁུངས་བཙུགས། ཉི་ཚེ་བའི་མགོ་ཁྲིད་གཅིག་རེ་གཉིས་རེ་བཏང་། ཉི་མ་གཅིག་ལ་འཇུ་ས་འཆང་ས་ཞིག་རག་པའི་ཆེད་དུ་ཐམ་ག་ཟེར་བ་འདྲ་བོ་དང་། ཆོ་ལོ། འབུལ་རྟེན། འབོལ་ཁྲི་མཐོ་དམའ་སོགས་མི་དགོས་སར་སྤྲད། མི་མཛའ་བཞིན་ཕུལ་ནས་དེས་བོད་ཀྱི་སྲིད་དོན་དང་། དཔལ་འབྱོར། ཕྱི་འབྲེལ་སོགས་བཏང་འཛིན་བྱས་པར་བལྟ། ཙི་ན་བས་དེ་རིང་ཁར་རྩང་མན་ཇུ་དང་རྒྱ་ནག་གཅིག་ཏུ་བསྲེ་ཅི་ཐུབ་བྱས་ཏེ། ཁོང་ཅག་ནི་གནའ་སྔ་མོ་ནས་ང་ཚོའི་ཡིན་པ་དང་། ང་ཚོའི་ཞིང་ཆེན། ང་ཚོའི་རང་སྐྱོང་ས་ཁུལ་རེད་ཟེར་སའི་ཁུངས་སྣེ་ཡིན་པར་ཤོད།

༡༩༠༢ ལོར་ལན་ཆི་ཁྲའོ་ཡིས་ཀྲུང་ཧྭ་མི་རིགས་ཟེར་བའི་མིང་བརྡ་འདི་གསར་བཟོ་བྱས་ཏེ། སྔོན་ཚུད་དུ་རྒྱ་ནག་ཅེས་པའི་ཚིག་དོད་ལ་ཧྭ་ཤ་དང་། རྒྱ་མི། ཐང་གི་མི། ཡན་ཧང་ཙི་སུན་ (མེས་པོ་ཡན་ཧོང་གཉིས་ཀྱི་རྒྱུད་པ་) བཅས་རེད། རེད་དེ་ཚིག་བརྗོད་འདི་དག་ལས་བོད་དང་ཤར་ཏུར་ཁི་སི་ཐན། སོག་པོ་སོགས་འདུ་གི་མེད་པ་མངོན་སུམ་ཡིན་སྟབས། ཀྲུང་ཧྭ་མི་རིགས་ཟེར་བའི་རས་ཁུག་ཆེན་པོ་འདི་གསར་བཟོ་བྱས་ཏེ་བོད་སོག་ཤར་ཏུ་ཁི་སི་ཐན་སོགས་བཙན་གནོན་བྱ་བར་འདོད་པའི་ཡུལ་གྲུ་འདི་དག་ཐམས་ཅད་པོ་འདིའི་ནང་དུ་ཆུད་ཐབས་བྱས་ལ། རིམ་པ་བཞིན་དུ་བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཡ་གྱལ་རེད་ཟེར། བོད་ཀྱི་རིག་གནས་མཐའ་དག་པ་ཀྲུང་ཧྭ་རིག་གནས་རེད་ཟེར། འདི་ལྟར། ཙི་ན་བས་རིང་མོ་ཞིག་ནས་བོད་ཁྱུར་མིད་གཏོང་འདོད་སོ་སེན་མོ་རྡར་བཞིན་རྨང་རྡོ་སྣ་ཚོགས་བཏིང་ཡོད་སྟབས། ད་ལྟ་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་ས་ལ་བསྐྱལ་བ་རེད།

བཙན་བྱོལ་བོད་མིའི་ཆབ་སྲིད་འཁོས་ཀ
ང་ཚོ་རྒྱ་མིའི་བཙན་གནོན་མྱངས་ནས་མི་ལོ་ ༧༠ ཉེ་ཡོད། དུས་ཚོད་འདིའི་རིང་བོད་མི་ཕྱི་ནང་གཉིས་སུ་གྱེས། ཕྱི་ལོགས་ནས་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་བཙུགས། གཞུང་འདི་པས་ ༡༩༥༩-༡༩༧༩ བར་དུ་འགྱེལ་ས་ནས་ལངས་དགོས་ཟེར་ནས་བོད་རང་བཙན་བསྐྱར་གསོའི་བྱ་བ་ཏག་ཏག་བསྒྲུབས། ༡༩༧༩ ལོར་རྡ་སའི་འདང་ལོག་དང་རྒྱ་མིའི་ཉམས་ཚོད་སྐྱ་འཐབ་སྟེ། བོད་རང་བཙན་བསྐྱར་གསོའི་ལྟ་བ་ལངས་ཕྱོགས་ཤོར།

སྔར་ནས་ད་བར། བོད་འབངས་ཁྲི་ཁྲི་འབུམ་འབུམ་ཞིག་གིས་རྒྱ་འོག་ཏུ་བསྡད་ནས་རྒྱ་ནག་གི་མི་སེར་བཟོ་རྒྱུར་འདོད་འདུན་རྩ་ནས་མེད་པ་ཇི་ལྟར་ཡང་། ཕལ་ཆེར་མི་ལོ་ ༤༠ ཙམ་རིང་ལ་རྒྱལ་སྤྱིར་ཁ་གཏད་ནས་བོད་རྒྱ་ཁོངས་འདུག་རྒྱུའི་བསམ་བློ་ལྷག་བསམ་རྣམ་དག་ཡིན་རབས་ས་བསྒྲགས་གནམ་བསྒྲགས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཇུས་སྒྲོམ་གཞིའི་འོག་འདུག་འདོད་ཡོད་ཟེར་ནས་ཡི་གེ་ཚུན་ཆོད་རྒྱ་ནག་པོའི་སྦར་མཐིལ་དུ་བསྟབས་ཚར་ཡོད་ལ། རྒྱ་མི་ཐུག་ཚད་ཐམས་ཅད་ལ་ང་ཚོ་ནི་ཅི་འདྲའི་བློ་བརྟན་འགྱུར་མེད་དང་ལྷག་བསམ་ཟོལ་མེད་སྒོ་ནས་རྒྱ་འོག་འདུག་རྒྱུར་གྲ་སྒྲིག་ཡོད་ཟེར་མོད། ཕར་ཕྱོགས་ནས་ཁ་ཡ་གཏན་ནས་མི་བྱེད་པའི་ཁར་བོད་སྐོར་གནད་དོན་ཞིག་ཡོད་པའང་ཁས་ལེན་བྱ་མི་འདོད།

ཆབ་སྲིད་ལྟ་བ་ལངས་ཕྱོགས་འདིས་རྒྱལ་སྤྱིར་བཞག་པའི་བག་ཆགས།
སྐབས་དོན་དང་ཤིན་ཏུ་ཁ་ཐག་ཉེ་བའི་སྐད་ཆ་ཞིག་སེམས་པར་ཡང་ཡང་ཤར་ཡོང་བས་འདི་ན་སྦྱར་འདོད་པ་སྟེ། ༢༠༡༥ ལོའི་ཟླ་བ་ ༢ ཚེས་ ༢༨ ཉིན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་བོད་རིག་པ་མཁས་ཅན། ཨ་རིའི་ཨིན་ཏི་ཡ་ནའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བ་ ELLIOT SPERLING ཨི་ལི་སི་པོ་ལིན་ལ་བཅར་འདྲི་བྱས་པའི་སྐད་ཆ་སྟོབས་ཆེན་ཞིག་རེད། ཁོང་གིས་བཤད་དོན། “ངས་བསམ་ན་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་ཅི་གང་སྤྲོད་ཐུབ་ཀྱི་མེད། ད་དུང་རྒྱུན་ཆད་མེར་པར་དབུ་མའི་ལམ་དྲིལ་སྒྲོག་བཞིན་ཡོད། དེ་ལྟར་བྱས་པས། ག་ལེ་ག་ལེར་ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་འདི་ཉིད་ལོ་རྒྱུས་སྒང་གི་རང་བཙན་རྒྱལ་ཁབ་གནས་བབ་བརྗེད་ངས་སུ་འགྲོ་སྲིད། ཁོང་ཚོས་བསམ་དུས། འོ། དོན་ངོ་མས་བོད་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཤིག་རེད་ཨང་བསམ་པའི་ཚོར་སྣང་སྐྱེ་ཡོང་ལ། ཁོང་ཚོའི་བསམ་པར་བོད་མི་ཕལ་མོ་ཆེས་རྒྱ་ནག་གི་ཆ་ཤས་སུ་འདུག་རྒྱུར་འདོད་མོས་ཡོད་པ་རེད་ཨང་བསམ་འགྲོ དོན་དམ་དུ་འདི་འདྲ་བས་བོད་ཀྱི་འཐབ་རྩོད་གཏོར་བཤིག་བཏང་བ་རེད།

ཨེ་ལི་སི་པོ་ལིན་བཤད་དོན། རྒྱ་ནག་མང་གཙོར་སོང་ན། བོད་ཀྱི་གནད་དོན་ཐག་ཆོད་ལེ་རེད་ཟེར་ན། ཨེ་ལི་སི་པོ་ལིན་བཤད་དོན། མང་གཙོའི་རྗེས་སུ་རྒྱ་ནག་མི་འབོར་སྔར་ལྟར་བོད་མི་ལས་ལྡབ་གྲངས་མང་པོས་མང་། མང་གཙོའི་རྒྱ་ནག་གི་མཐར་ཐུག་ཀྱང་རྒྱ་མིས་དབང་ཆ་འཛིན་གི་རེད། བོད་མི་སྔ་ཁོ་ལྟར་རང་ཉིད་བདག་པོ་མ་རེད་ལ། འདྲ་མཉམ་མངོན་འགྱུར་ཡོང་གི་མ་རེད།
ཡང་ཁོང་གིས། ཡང་ནས་བསྐྱར་དུ་དབུ་མའི་ལམ་དྲིལ་བསྒྲགས་པ་དེ་ནི། རྒྱ་ནག་གུང་ཁྲན་ལ་བསྟུན་ཐལ་ཁུར་བ་རེད། བོད་ཀྱི་འཐབ་རྩོད་ལ་ཕན་ཐོགས་མེད། ངས་བསམ་ན། བོད་མི་ཚོས་འདི་ལས་ཀྱང་འདྲ་མཉམ་དང་། ནུས་ཤུགས་ལྡན་པ། ཁ་གསལ་གཏིང་གསལ་གྱི་ལངས་ཕྱོགས་ཤིག་བཏོན་ནས་འཐབ་རྩོད་བྱ་དགོས་པར་འདོད་དོ།”

ནང་ཁུལ་དུ་བཞག་པའི་ལྡོག་ཕྱོགས་ཤུགས་རྐྱེན།
གཅིག བོད་ཀྱི་འཐབ་རྩོད་ཐད་སྙིང་སྟོབས་མེ་ལྕེ་འབར་བའི་བོད་མི་ཅི་འདྲའི་མང་པོ་ཞིག་སེམས་པར་ཆུ་འཁྱག་གཤོས་སྟབས་ངར་ཤུགས་ཆག་པ། གཉིས། བཙན་བྱོལ་བོད་མི་ཚོའི་ཆིག་སྒྲིལ་དར་མདུད་ལྷོད་པ། གསུམ། འཐབ་རྩོད་ཀྱི་འབོད་སྒྲ་གཅིག་ཏུ་གཞོལ་ཐུབ་ཀྱི་མེད་སྟབས་རང་ཕྱོགས་ནུས་པ་ཉམ་ཞན་ལ་སོང་བ་བཅས་ནི་ང་ཚོ་ཚང་མའི་མཐོང་ལམ་དུ་ཡོད།

དབུ་ལམ་འགྲོ་ས་མེད་པ།
བོད་མི་ལ་ལས་བསམ་དུས། རྒྱ་ནག་གི་སྲིད་དབང་འོག་ཏུ་བོད་མི་ཡོངས་སུ་རྫོགས་པ་འཛིན་སྐྱོང་གཅིག་ཏུ་དྲིལ་ནས་བོད་རང་གི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར་སོགས་འཛིན་སྐྱོང་ཁེ་དབང་རང་བཙན་པ་ཞིག་སྤྲོད་པར་རེ་བ་བྱེད་པ་རེད། དེ་ནི་ཁྱོན་ནས་ཡོང་ཐབས་མེད་པ་ཞིག་ཡིན་པ་གནད་དོན་མང་པོའི་སྒོ་ནས་དངོས་ར་སྤྲོད་ཆོག

གཅིག སྤྱིར་རྒྱ་མིའི་ཆིངས་ཡིག་ཐམས་ཅད་ཁ་དན་ཚིག་གནས་ཟེར་བ་མེད་ལ། འབྲུ་དོན་ལག་ལེན་དོན་འཁྱོལ་མི་བྱེད་པ་འ་ཆད་འུ་ཐུག་རེད།  གཞན་པ་ལྟ་ཞོག ཁོ་རང་ཚོ་ཏང་རྒན་རྒྱས་འཛོམས་སྒོ་ནས་གཏན་ལ་ཕབ་པའི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་>> ཟེར་བའང་ལག་བསྟར་བྱེད་ཀྱི་མེད་ན། བོད་དང་ཡུ་གུར་འདྲ་བོ་དག་གི་ཆིངས་ཡིག་ལ་བརྩི་བཀུར་བྱེད་རྒྱུ་ཕ་རིའི་སྤང་རྒྱན་རེད། གནད་དོན་འདིར་འུ་ཅག་བོད་པ་ཚོར་ཆ་རྒྱུས་མེད་ཟེར་ན་རང་ངོ་གནོངས་བྱེད་མ་རེད་དམ།

གཉིས། རྒྱ་ནག་པས་མི་ལོ་བརྒྱ་ཕྲག་དུ་མའི་ཡར་སྔོན་ནས་བོད་ཁྱུར་མིད་གཏོང་རྒྱུའི་ཆེད་དུ་བསམ་པ་ནག་པོ་དུག་འདྲ་བོ་རྐྱང་རྐྱང་བསྒོམས། ལས་ཀ་ནག་པོ་གླུད་འདྲ་བོ་ཏག་ཏག་བསྒྲུབས་ཏེ་མཐར་བོད་རྒྱལ་ཁབ་བཙན་བཟུང་བྱས་པ་རེད། འདས་པའི་ལོ་ཆེན་དེ་དག་རིང་དུ་ཕྱི་ནང་བར་གསུམ་གྱི་དཀའ་ངལ་རབས་དང་རིམ་པ་དག་ལ་སྡིག་པ་མིག་བཙུམ་སྒོ་ནས་གདོང་ལེན་བྱས་ཏེ་འཁྱོངས་བསྡད་ཡོད་པ་རེད། ད་ནི་ལམ་ཐག་རིང་མོ་ཞིག་ལ་སླེབས་ཟིན་དུས་རང་དགར་སྐད་ཆ་འདྲ་བོ་བཤད་ནས་བོད་ཀྱི་འདོད་དོན་འགྲུབ་པ་ཞིག་བྱེད་ག་ལ་སྲིད།

གསུམ། བརྟག་པ་མཐའ་བཟུང་བྱས་ནས་བཤད་ན། དབུ་ལམ་འདི་རྒྱ་མིས་རེ་ཞིག་ཁས་ལེན་བྱས་སོང་ནའང་། བོད་གཞིས་བྱེས་ལྷན་འཛོམས་ཐུབ་ནའང་། བོད་འཆི་བ་ལས་ད་དུང་ཡང་ཐར་མེད། དེ་ནི་ལོ་ཤས་རིང་ཚེ་ཐག་བསྲིང་བ་ཁོ་ན་ཙམ་རེད། ཅིའི་ཕྱིར་དུ་ཞེ་ན། རྒྱ་ནག་གི་མི་འབོར་ནི་གྲངས་གནས་སུ་ཤོང་དཀའ་བ་ཡོད་ལ། ཁོ་པ་ཚོའི་མཐར་ཐུག་དམིགས་འབེན་ཡང་ང་ཚོ་བོད་པ་ཐམས་ཅད་རྒྱ་མི་རུ་བསྒྱུར་རྒྱུ་དེ་ག་རང་ཡིན་པས་བོད་ཕྱོགས་ནས་ཙི་ནའི་མི་འབོར་སྤོ་བཤུག་ཚད་བཀག་བཟོ་མི་ཐུབ། ཙི་ན་བའི་རྒྱབ་རྩ་ནི་པེ་ཅིང་སྲིད་གཞུང་གོག་ཏོ་དེ་ཡོད་ཡོད་པ་རེད་ལ། བོད་པ་ཚོ་སྔར་ལྟར་མིང་སྐམ་ཞིག་ལས་དོན་དམ་དབང་ཆ་མེད། དེ་ལྟར་ལོ་ཤས་སོང་རྗེས་བོད་མི་སྦར་མོ་གང་བོ་དེ་རྒྱ་རིད་ལུང་པ་གང་པོ་དེའི་ཕག་ཏུ་འཐིམ་རྒྱུར་བསྙོན་མེད་པ་ཡིན།

བཞི། ད་ནི་བོད་ཀྱི་ས་ཆར་བོད་པ་ལས་རྒྱ་མི་གྲངས་མང་ལ། རྒྱ་མི་ཕྱིར་བསྐྲད་ཐུབ་རྒྱུ་ནི་ཅི་བས་དཀའ། བོད་པ་ཚོ་སོ་སོའི་སྒོ་འགྲམ་དུ་རང་ཉིད་གྲངས་ཉུང་ཚོ་ཁག་ཆགས་བསྡད་ཡོད། དེས་ན་རྒྱ་མི་ཚོ་ཡང་བསྐྱར་བོད་མིའི་ཐོད་དུ་འཆོར་རྒྱུ་ལས་ཅི་ཡོད། དེའི་ཚེ་དེའི་དུས་ན། རང་སྐྱོང་ཚད་ལྡན་ཟེར་བ་ཞིག་ག་འདྲ་བྱས་ནས་ཡོང་གི་རེད། སྐད་ཡིག་སོགས་བོད་ཀྱི་རིག་གནས་ག་འདྲ་བྱས་ནས་འཛིན་སྐྱོང་བྱེད་ཐུབ་ཀྱི་རེད། དེ་བཞིན་དུ་བོད་ཀྱི་གཏེར་དངོས་སྲུང་སྐྱོབ་ཅི་ལྟར་བྱ་ཐུབ་ཀྱི་རེད། དེ་དག་རེ་རེ་བཞིན་དུ་ཁག་ཐེག་མེད་ན།  ང་ཚོ་མུ་མཐུད་དུ་འཚོ་གནས་ཐུབ་སའི་ཁོར་ཡུག་ཅིག་གང་ན་འདུག

འབོད་སྒྲ་ཡག་ཤོས་འདི་ཡིན།
བརྒྱ་བཤད་སྟོང་ལ་གཏུགས་ཀྱང་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་མི་རིགས་རང་ཐག་རང་གཅོད་ལས་ཕུགས་གཏུག་ས་ཡེ་ནས་མེད། སྤྱི་འདེམས་འགྲོ་སྟངས་འདི་རྒྱལ་སྤྱིའི་འཕེལ་ཕྱོགས་ཤིག་ཏུ་སྐྱོད་བཞིན་ཡོད་ལ། རྒྱལ་ཁབ་གཅིག་ལས་གཅིག་ལོགས་སུ་ཐོན་དགོས་མིན་སོགས་གནད་དོན་ཆེ་རིགས་ཁག་སྤྱི་འདེམས་ལམ་ལུགས་སྤྱོད་བཞིན་པ་ཡིན། དེའང་ཡིན་འོས་ཏེ། ལམ་ལུགས་འདིར་རྒྱལ་ཡོོངས་མི་དམངས་ཀྱིས་ཐག་བཅད་པ་ཞིག་ཡིན་དུས། རྩ་བའི་ཆ་ནས་ནོར་བ་འཁྲུལ་བ་ཡོང་ས་མེད། ཅི་སྟེ་ནོར་འཛོལ་བྱུང་ཡང་ནོངས་པ་གཏན་ནས་མེད། དེའི་སྟབས་ཀྱིས་ཉེ་ལོའི་ནང་སི་ཁོ་ལན་ཌིའི་སྤྱི་འདེམས། ཁུ་པེ་ཁེའི་སྤྱི་འདེམས། པ་སེ་ལོ་ནའི་སྤྱི་འདེམས། དེ་བཞིན་དུ་དབྱིན་ཇི་ཡོ་རོབ་མནའ་མཐུན་ལས་ཕྱིར་ཐོན་མིན་སོགས་ཀྱང་སྤྱི་འདེམས་ལམ་ལུགས་སྤྱད་པ་རེད། འབྱུང་འགྱུར་བོད་དང་། ཐེ་ཝན། ཤར་ཏུ་ཁི་སི་ཐན། ལྷོ་སོག་བཅས་ལའང་ལམ་ལུགས་འདི་བརྒྱུད་ཐུབ་དགོས།

ཅི་རེད་ཟེར་ན། ལམ་ལུགས་འདིར་རྒྱལ་སྤྱིའི་ཁྲིམས་ཀྱི་རྒྱབ་རྟེན་ཆ་ཚང་ཡོད་པ་སྟེ། ༡༩༤༩ སྔོན་དུ་བོད་འདི་ཉིད་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་ན་ཡོད་པར་བཀོད་ཡོད་པས་མ་ཚད། མི་རིགས་གང་ཞིག་རྒྱལ་ཁབ་གང་རུང་གི་མངའ་འོག་ཏུ་གདུག་རྩུབ་དབང་སྒྱུར་མྱོང་བཞིན་ཡོད་ན། དེས་རང་ཉིད་ཀྱི་མ་འོངས་ལས་དབང་ཐག་གཅོད་བྱེད་པའི་དབང་ཆ་སོ་སོར་ཡོད་པ་བསྟན་ལ། རྦད་དེ་ལོགས་སུ་ཐོན་ནས་རང་བཙན་ལའང་བསྐྱོད་ཆོག་པའི་ཁྲིམས་ཐོག་གཏན་འབེབས་ཡོད་པ་རེད། དེ་མིན་ཕྱོགས་གཞན་ནས་བསམ་ན། རྒྱ་ནག་གིས་རྟག་པར་བོད་ལ་གནད་དོན་ཅི་གང་མེད། བོད་མི་དམངས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་རོལ་བཞིན་ཡོད་ཟེར་བ་མིན་ནམ། དེས་མ་ཚད། བོད་ཀྱི་རྒྱལ་ས་ལྷ་ས་ནི་རྒྱལ་ཡོངས་སུ་ཆེས་བདེ་སྐྱིད་ཆེ་ཤོས་ཀྱི་གྲོང་ཁྱེར་དུ་བདམས་པ་མ་རེད་དམ། དེ་ལྟར་ཡིན་སོང་ན། ང་ཚོས་སྤྱི་འདེམས་བྱ་དགོས་ཟེར་བའི་འབོད་སྒྲ་འདིས་གནད་ཀ་དུ་མ་ཞིག་ལ་ཟིན་པ་ཨེ་ཡིན།

དེའི་ཕྱིར་ན། བཙན་བྱོལ་བོད་གཞུང་གཙོས་པའི་ཕྱི་ནང་བོད་མི་ཚང་མས་དུས་དང་རྣམ་པ་ཐམས་ཅད་དུ་འབོད་སྒྲ་གཅིག་ཁོ་ན་ལས་མི་དགོས། དེ་གང་རེད་ཟེར་ན། ང་ཚོ་ལ་རང་ཐག་རང་གཅོད་དབང་ཆ་དགོས། ང་ཚོ་ལ་སྤྱི་འདེམས་དགོས་ཟེར་བ་འདི་ཁོ་ན་ཡིན་ནོ།

༢༠༡༨།༣།༢༠ ཉིའུ་ཡོག

མཆན། རྩོམ་ཡིག་ཏུ་རྒྱལ་ཁབ་སོ་སོའི་མིང་བོད་ཡིག་ཁོ་ནར་སྤྱད་ཡོད་སྟབས། ལ་ལ་ཞིག་ངོ་ཐག་ཆོད་དཀའ་བས་བོད་དབྱིན་ལྷན་སྦྱར་བྱས་ཡོད།
ལྗིའུ། Jews དབྱིན་ཇི། British ཕོ་ཆུ་ཀལ། Portugal སི་པན། Spain
འཇར་པན། Japan
ཧྥ་རན་སི། France ཐེ་ཝན། Taiwan ཧེ་ཐི། Haiti ཁོ་ལོམ་པི་ཡ། Colombia
ཝེ་ནེ་ཙེའུ་ལ། Venezuela
ཨེ་ཁྭ་ཏོར། Ecuador ཕ་ན་མ། Panama ཨ་ཀེན་ཐིན། Argentina ཆི་ལི། Chile ཕེ་རུ། Peru
མི་ཞི་ཁོ། Mexico ཕ་ར་ཀའེ། Paraguay ཀུའེ་ཐི་མ་ལ། Guatemala
སར་ཝ་ཏོལ། Salvador
ཧོང་ཏུ་ར་སི། Honduras ཁོ་སི་ཐ་རི་ཁ། Costa Rica པོ་ལི་ཝི་ཡ། Bolivia
ཏོ་སྨི་ནི་ཁ། Dominica
ཨེ་ཅེབ། Egypt རྒྱ་གར། India སུའུ་ཏན། Sweden ཨེ་ཙེ་ཨོ་ཕི་ཡ། Ethiopia
ལྷོ་ཨ་ཧྥེ་རི་ཁ། South Africa
ཨོ་སི་ཁྲུ་ལི་ཡ། Australia ཁ་ན་ཀྲ། Canada ཧང་ཀི་རི། Hungary ཕོ་ལན། Poland རྒྱ་ནག China

རྩོམ་སྒྲིག་པའི་མཆན། རྩོམ་འདི་༢༠༡༨ ལོའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་གོ་སྒྲིག་ཚོགས་ཆུང་ནས་བཀྲམ་པའི་རང་བཙན་ཆེད་དེབ་ལས་བཤུས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up