རང་བཙན་བསྒྲགས་གཏམ་གྱི་དགོངས་རྒྱན་ཕོ་གཏམ་རྒྱབ་ཤ་དཀར་པོ།
ཨ་ཚོགས་ཀླུ་མཁར་བྱམས།
ཆབ་སྲིད་སྒྱུ་རྩལ་མཐའ་དག་མཐིལ་ཕྱིན་པ་ཞིག་རྟོགས་ཡོད་རུང་མེད་རུང་། སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་ཡིན་པ་རང་ངོར་གྲུབ་ཡོད་ཀྱང་འདྲ་མེད་ཀྱང་འདྲ། འཐབ་རྩོད་བཤད་སར་སྟོབས་ཤུགས་མེད་ན་ཡོད་ཚད་མེད་ལ། དད་པའི་སྔུན་ནས་བླ་མ་ཡིན་ན་ཐམས་ཅད་ཡིན་པའི་གནས་ལུགས་འདི་གཉིས་ཁོང་གིས་ལས་སླ་བོ་མཁྱེན་པ་མ་ཟད། འགལ་འབྲེལ་འདིར་སྙོམས་སྒྲིག་གི་སྐལ་བ་ཞིག་ཡོད་ཕྱིན་ལས་འབྲས་ལ་ངང་སྒུག་བྱ་རྒྱུ་དེ་མ་ཡིན་པར། སྒེར་གྱི་རྩོལ་བ་ཁོ་ནར་བརྟེན་དགོས་པ་རང་ངོར་འཕྲོད་ཡོད། ཉིན་མོ་དེ་ནས་བཟུང་ངའི་བླ་མ་རང་བཙན་པ་འདི་ཚང་དགྲ་འདུལ་གཉེན་སྐྱོང་གི་དྲག་པོའི་སྐུ་རུ་བཞེངས།
གཅིག མཆོད་ཡོན་བྱེ་མའི་ཆངས་བུ་བཞིན་འཐོར་བ།
དེ་ཡང་བོད་ཀྱི་ཕྱི་སྲིད་བརྡ་སྐད་དབང་དུ་བྱས་ན། ཐང་བོད་གཉིས་བར་སྤྱད་པའི་“དབོན་ཞང་མནའ་འབྲེལ་”ནས། རྒྱ་སོག་བར་སྤྱད་པའི་“མཆོད་ཡོན”གྱི་བར་དང་། བར་ལམ་ནས་རྒྱ་གར་གྱི་ངོ་སྲུང་ཆེད་“དགེ་སློབ་འབྲེལ་བ་”སོགས་ལ་ཚིག་རྒྱན་ཇི་ལྟར་སྤྲོས་ཀྱང་རུང་། དབོན་ཞང་གཉེན་འབྲེལ་སྐབས་ནི་ཇི་འདྲའི་བརྗེད་དཀའ་བ་ཞིག་རེད།
བོད་ལ་“མཆོད་ཡོན་”དང་“ཡོན་མཆོད་”ཅེས་པའི་ཐ་སྙད་འདི་བྱུང་སྔ་ཞིང། དཔེར་ན་<<རླངས་ཀྱི་པོ་ཏི་བསེ་རུ་>>དང་ <<རྒྱ་བོད་ཡིག་ཚང་ཆེན་མོ>>སོགས་ན་ཡང་སེ་མཐོང་རྒྱུ་ཡོད་ལ། དུས་རབས་བཅུ་བ་ནས་བཅུ་གཅིག་ནང་བྱོན་པའི་རླངས་བྱང་ཆུབ་འདྲེ་བཀོལ་གྱི་གསུངས་པ་དངོས་ཡིན་པ། པོ་ཏི་བསེ་རུ་བར་ཆའི་ནང་རླངས་བྱང་ཆུབ་འདྲེ་བཀོལ་དང། གླིང་རྗེ་གེ་སར་རྒྱལ་པོའི་བར་ཡོན་མཆོད་ཀྱི་འབྲེལ་བ་བཙུགས་ཤིང་། གླིང་གེ་སར་གྱིས“གླིང་གི་ཐང་བརྒྱད་ཐང་སྟོང་དང་། གླིང་གི་ས་ཡུལ་གར་བདེ་དང། ཕ་བོང་ག་པ་རྟ་འདྲ་སོགས”གྲུབ་ཐོབ་བྱང་ཆུབ་འདྲེ་བཀོལ་གྱིས་བོད་ཁམས་ཐུགས་ལ་ཐོགས་ཆེད་ཡོན་དུ་སྦྱར་བ་གསལ། (1) ཕྱིས་སུ་ཚིག་འདི་རང་གི་བླ་དཔོན་འབྲེལ་བར་སྤྱད་པ་ཙམ་མ་ཡིན་པར། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཕྱི་སྲིད་འབྲེལ་ལམ་ངོ་བོར་འཕེལ་བ་དང་། དེའི་གཏན་འཁེལ་ལོ་ཚིགས་ནི(༡༢༤༤)ཡིན་པར་བཤད་ཆོག དེ་དུས་གནམ་འོག་ཧོར་གྱི་ཧམ་སེམས་འོག་ལ་བཅུག་པའི་སྐབས་དེར། རྒྱལ་པོ་ཨོ་གོ་ཏས་ས་པཎ་ལ་མགོ་འབུལ་རྒྱུའམ། མཆོད་ཡོན་འབྲེལ་བ་འཛུགས་ཆེད་ཧོར་ཡུལ་ལ་མ་ཡོང་བར་ག་གོར་བཤད་ན། ཡུལ་སྡེ་བསྣུབས་ནས་བསྟན་པ་གཏོར་རྒྱུའི་བཀའ་བཏང་། དེར་བརྟེན་ལོ་ན་བདུན་ཅུར་སླེབས་གྲབས་ཡོད་པའི་བླ་མ་དེ་མི་འདོད་བཞིན་དུ་ཧོར་ཡུལ་ལ་གཤེགས་ཤིང། ཧོར་ཡུལ་ནས་ཁོང་གིས་བོད་ཀྱི་བླ་དཔོན་ཚོར་མགོ་འདོགས་བྱས་ན་དགེ་མཚན་དང། མ་བྱས་པ་ཡིན་ན་ཉེན་ཚབས་ཆེ་སྐོར་གནས་འཕྲིན་བཏང་། དེ་འདྲ་སོང་མཆོད་ཡོན་རྟེན་འབྲེལ་མགོ་བཙུག་སྟངས་ཀྱང་ཁ་དྲོ་བོ་བྱུང་མེད་པ་གསལ་པོ་རེད།
དཔེར་ན། དབུས་ནས་ཨམ་བན་ལེན་ཞང་གིས་ལུགས་བསྒྱུར་གསར་སྤྲོས་ཀྱི་འཚུབ་ཆ་བསླངས་ཤིང་། ཁམས་ནས་ཀྲོ་ཨར་ཧྤུང་གིས་བོད་མི་གསོན་པོར་ཆུ་ཁོལ་ནང་བཙོས་པ་དང་། ཨ་མདོ་ན་ཁ་ཆེ་མཱ་རྒྱ་ཚང་གིས་རྐུ་འཕྲོག་བཅོམ་གསུམ་ཁ་དར་བཞིན་པའི་སྐབས་རེད་ལ། ཧི་མ་ལ་ཡའི་ཚུར་འདབས་ཀྱི་འབྲུག་དང་། འབྲས་ལྗོངས། ལ་དྭགས་སོགས་བོད་ཀྱི་རྒྱལ་ཕྲན་རྣམས་དབྱིན་ཇིའི་ས་ཁྲ་རེ་དང་ས་ཡིག་རེ་འོག་ན་བཙན་གཡེམ་གཏོང་བཞིན་ཡོད་ལ། མདོར་ན་སྐབས་དེར་མཐོ་སྒང་གི་གཡག་ཤི་ཚར་བར་བརྟེན། ཁྱི་སྤྱང་སུ་ཞིག་གི་ཁ་ནང་ལ་རག་པའི་གློ་སྙིང་བྲང་གསུམ་ཚང་མར་“ཁེ་བཟང་”དང་“ཁྲིམས་མཐུན་”གྱི་བརྡ་ཡིག་འདིར་སྦྱར་ཆོག སྐབས་དེར་བསིལ་ལྡན་ཁ་བའི་ལྗོངས་རང་གི་སྐྱོང་སྐལ་ལ་ལུང་གིས་ཟིན་ཡོད་པའི་རྒྱལ་དབང་བཅུ་གསུམ་པ་ཚང། ༡༩༠༤ ལོར་དབྱིན་ཇིའི་བཙན་འཛུལ་ལ་གཡོལ་ཆེད་སོག་ཡུལ་དུ་ཕེབས་པ་ནས་ཕྱིར་ལོག་ཐུབ་མེད། ཁོང་སོག་ཡུལ་དུ་ཕེབས་མ་ཐག་མན་ཆིན་གཞུང་གིས་མཚན་གནས་ཕབས་པ་དྲིལ་བསྒྲགས། དེ་ནས་ལོ་བཞིའི་རྗེས་ཏེ། ༡༩༠༨ ལོའི་ཟླ་༨ ཚེས་༢༠ ཉིན་གོང་མ་ཡུམ་སྲས་ཀྱིས་ཆེད་འབོད་གནང་བ་ལྟར། རྒྱལ་དབང་ཚང་པེ་ཅིན་ལ་ཕེབས་པ་དང་། སྐབས་དེར་རྒན་མོ་ཚི་ཞིའི་དྲུང་ནས་པུས་མོ་ཡ་གཅིག་སར་བཙུགས་ཏེ་མཚན་རྒྱན་ཞུ་དགོས་ཐུག་པ་ནི་སྒེར་དོན་ཙམ་ཞིག་ག་ལ་ཡིན། ང་ཚོས་སེམས་ལ་ལྷང་ངེར་དྲན་པ་ནི། སྔོན་ཆད་རྒྱ་མོ་བཟའ་ཀོང་ཇོ་ཡུལ་མཐའ་འཁོབས་ཁ་བ་ཅན་ལ་ཁྲིད་ཡོང་སྟེ། མོ་རང་གི་ཡབ་ལས་ཀྱང་སྐུ་ན་བགྲེས་པའི་བཙན་པོའི་ཁབ་ཏུ་བརྫངས་པའི་སྐབས་སུ། ཁོང་མོས་རང་གི་ལས་དབང་ལ་འཁང་ར་ཅི་ལྟར་བྱས་ཡོད་ན་བསམ་པ་དེ་རེད།
གནས་སྟངས་དང་ལེན་བྱ་རྒྱུ་ལས་ཐབས་གཞན་མེད་ཙང་། རྒྱལ་དབང་མཆོག་གིས་༡༩༠༨ ལོའི་ཟླ་༨ ཚེས་༢༠ ཉིན་གོང་མ་ཡུམ་སྲས་དངོས་སུ་མཇལ་རྗེས། ཁོང་གིས་གཙོ་བོ་རྒྱ་དམག་གིས་བརྡབས་མནར་ཚད་མེད་གཏོང་བཞིན་པ་མཚམས་ཤིག་འཇོག་ཆེད་ངོ་ཆེན་གང་ཡོང་ཞུས་པ་རེད། ཡིན་ནའང་། སྤྱན་རས་གཟིགས་ལ་སོག་རྒན་མ་ཚི་ཞིར་པུས་བཙུགས་ཕྱག་འབུལ་དགོས་སྐོར་བཤད་དུས། ཁས་མ་བླངས་པར་(ཉི་མ་བརྒྱད་ལ་མཇལ་ཁ་དུས་འགྱང་)གིས་རྩོད་པ་བརྒྱབ་ཀྱང་། (2) མཐར་ཕྱག་འབུལ་མ་དགོས་ཙམ་བྱུང་ཡང་པུས་མོ་ཡ་གཅིག་མ་བཙུགས་པར་གླགས་མ་འཁེལ་བ་འདྲ་ཞིག་ཡིག་ལམ་ཁག་ན་མཐོང་རྒྱུ་འདུག དེ་ནས་བཟུང་ལོ་རྒྱུས་ཐོག་གསེར་གྱི་ཟམ་པར་གྲགས་པའི་མཆོད་ཡོན་བྱེ་མའི་ཆངས་བུ་བཞིན་རྩ་འཐོར་དུ་འགྲོ་རྒྱུའི་སྐེད་མཚམས་མཐའ་མར་སླེབས། དེས་ཀྱང་ག་ལ་ཚད། བླ་མས་མཚན་རྒྱན་དབུ་ལ་བསྣབས་ཏེ་ཆིབས་ཁ་བོད་ལ་བསྒྱུར་མ་ཐག་ལ་ཕར་རྒྱབ་ནས་རྒྱ་དམག་གི་ར་མདའ་དུས་ཐོག་ཐོན། ལྷ་ལྡན་གྱི་ཞིང་སར་གསོན་འདྲེ་དམར་པོ་ཆགས་བསྡད་ཡོད་པའི་ཨམ་བན་གྱིས། གོང་མའི་མཚན་གྱིས་བསྟོད་པའི་བླ་མར་ཕེབས་བསུའི་ཚབ་ལ་“ཨུ་རུ་སུའི་མཚོན་ཆ་ཏཱ་ལའི་བླ་མས་གསང་ཁྱེར་ཡོད་སྐོར་ཉེས་འཛུགས་ཀྱིས། ཁོ་པ་ངོ་མ་པོ་ཏཱ་ལར་སོང་ནས་སྔོག་བཤེར་བྱས་ནས་ཅང་མ་རྙེད་པ་རེད། སླར་ཡང་ནག་ཆུར་མི་བཏང་སྟེ་ཏཱ་ལའི་བླ་མའི་སྐུ་ཆས་སྔོག་བཤེར་མཐིལ་ཕྱིན་བྱས་ཀྱང་མཚོན་ཆ་མ་རྙེད། འོན་ཀྱང། གོ་སྐབས་དེ་བཟུང་ནས་སྔོག་བཤེར་བྱེད་མཁན་དམག་མིས་དངོས་པོ་མང་པོ་རྐུ་འཕྲོག་བྱས་”(3) གནས་བབས་དེའི་འོག རྒྱལ་དབང་མཆོག་ལྷ་སར་ཕེབས་མ་ཐག (༡༩༡༠ ལོར) རྒྱ་དམག་སྟོང་ཕྲག་འགའ་ཞིག ཁྲོས་འཁྲུག་རྔམ་གསུམ་ཀྱིས་ལྷ་ལྡན་གྲོང་དུ་ལྷགས་ཤིང། མི་གསོད་པ་དང་ཕོ་བྲང་པོ་ཏ་ལར་འཕྲུལ་མདའ་གྲངས་མེད་བརྒྱབ་པར་བརྟེན། ནམ་ཕྱེད་ཙམ་ལ་རྒྱལ་དབང་ཚང་ཕེབས་ཆས་ཧྲག་བསྡུས་ཀྱིས་ལམ་ལ་བུད་ནས། ཉིན་རྒྱག་མཚན་རྒྱག་གིས་རྒྱ་གར་ལ་ཐར་ཙམ་བྱུང། དེ་མུར་མན་ཆིན་གཞུང་གིས་སླར་ཡང་ཏཱ་ལའི་བླ་མའི་མཚན་གནས་མེད་པ་བཟོས་ལུགས་དྲིལ་བསྒྲགས་པ་མ་ཟད། འཕྲལ་དུ་གསེར་བུམ་དཀྲུག་ནས་ཁྱེའུ་ཞིག་ཚབ་ལ་བསྐོ་དགོས་པ་བཀོད་ཁྱབ་བཏང་། རང་མྱོང་འདི་གཞིར་བཞག་སྟེ་རྒྱལ་དབང་ཚང་གིས་རང་བཙན་བསྒྲགས་གཏམ་ནང་“མཆོད་ཡོན་ཁ་ལ་འཁྱེར་ཏེ། དོན་དམ་(བོད་)བྲན་གཡོག་ཏུ་བཀོད་རྒྱུའི་བསམ་སྦྱོར་ངན་པ་དག་བྱེ་མའི་ཆངས་བུ་དང་། ནམ་མཁའི་འཇའ་ཚོན་ལྟར་ཅིག་ཅར་དུ་ཞི་ཚར་” བའི་ཐ་ཚིག་བསྒྲགས། གཞན་མཆོད་གནས་དང་ཡོན་བདག་བར་གྱི་ཆོས་ཕྱོགས་རྐྱང་པ་ཡིན་ན། མི་སེར་གཞུང་གི་བོད་སྡོད་སྐུ་ཚབ་གནང་མྱོང་མཁན་རྒྱ་དཔོན་ཁྲིན་ཙོང་ལེན་གྱིས་“གཙོ་བོ་ཡོན་བདག་ལ་མུ་མཐུད་དུ་སྐུ་ཡོན་འབུལ་རྒྱུའི་ནུས་པ་ཡོད་ན། བླ་མ་དེ་སྲིད་དུ་མཆོད་གནས་སུ་བཞུགས་ངེས་པས། མཆོད་ཡོན་གྱི་འབྲེལ་བའང་ཡུན་གནས་ཐུབ་པ་རེད་”ཅེས་པ་ལྟར། ཆོས་ཕྱོགས་རྐྱང་པ་ཡིན་ན་གནས་ཚུལ་ཐ་དད་རེད།
གཉིས། མཚན་གནས་མ་བཞེས་པའི་སེམས་ནད།
མན་ཆིན་གཞུང་གིས་མཚན་གནས་སླར་གསོའི་སྐབས་རྫིག་རྫིག་འཁྲབ་རྒྱུ་བྱུང་ཡོད་ཀྱང་། ཆོས་ཀྱི་རྒྱལ་པོ་ཞིག་གི་མཚན་རྒྱན་རྐང་རྩེད་སྦོ་ལོ་ནང་བཞིན་ཡར་སྩལ་མར་ལེན་བཅོ་བརྒྱད་བྱས་པ་དེར། དད་ལྡན་མང་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་བརྟེན། མཚན་གནས་ཕབ་པ་དེས་ཕ་རོལ་པོར་གནོན་ཤུགས་ཐེབས་རྒྱུའི་ཚབ་ལ། མང་ཚོགས་མིག་ལམ་ནས་རང་གི་ཀུན་སྤྱོད་གནམ་ནས་སར་ཟག དཔེར་ན། མཚན་གནས་ཕབ་ཐེངས་གཉིས་པའི་སྐབས་དེར། མང་ཚོགས་ཀྱི་ངོ་རྒོལ་སྔར་ལས་ཀྱང་ཤུགས་ཆེན་བྱུང་ཞིང་། བོད་ས་སྟོད་སྨད་ཡོངས་ཙམ་མ་ཟད། ཐ་ན་རྒྱ་གར་དང་། ཤིན་ཅང་སོགས་ཕྱི་ནང་དད་ལྡན་མང་ཚོགས་ཀྱིས་མན་ཇུའི་དབུས་གཞུང་དང་། བོད་སྡོད་ཨམ་བན་ལ་རྒོལ་གཏམ་ཞུ་ལོག་ཇི་ཆེས་བྱས་མཐར། ཆིན་སྲིད་གཞུང་འུ་ཐུག་སྟེ་ཨམ་བན་བརྒྱུད་ལཱོའི་རྡོ་ཐའི་ཟེར་བར་“བོད་དོན་སྤྱི་ཁྱབ་པའི་མིང་བཏགས” ནས་རྒྱ་གར་ལ་ཆེད་བརྫངས་ཐོག རྒྱལ་དབང་མཆོག་ལྷ་སར་ཕྱིར་ཕེབས་རྒྱུ་དང་། མཚན་གནས་སླར་གསོ་བྱ་རྒྱུ་ཡིན་སྐོར་ངོ་ཆེན་ཞུས་ཀྱང་། ཞེ་འཁོན་ཡིད་ཚིམས་པ་རྩོད་རྒྱུའི་གོ་སྐབས་དེ་འདྲ་གནམ་གྱིས་གནང་བར་བརྟེན། རྒྱལ་དབང་མཆོག་གིས་མཚན་གནས་བཞེས་མིན་ཟུར་ཙམ་མ་གསུངས་ཁར། ཆིན་སྲིད་གཞུང་ནས་མཆོད་ཡོན་ལ་རྒྱར་མ་གནས་ཁར། ངོས་དོན་གྱི་བདག་པོར་ཡོང་རྐྱེན་དྲི་རྩད་ཙམ་མེད་པར། བོད་རྒྱལ་ཁབ་ནང་ཧམ་ཤེད་གསར་སྤྲོས། མི་གསོད་ཁྲག་སྦྱོར་བྱས་རྐྱེན་ད་ཕྱིན་བོད་རྒྱའི་བར་རྒྱལ་ཁབ་གཞན་གྱི་ཟུར་དཔང་མེད་པར་གྲོས་མོལ་སོགས་འཇོག་བཟོ་གང་ཡང་གནང་རྒྱུ་མིན་ཞེས། ཞོན་ཐུང་ཁྲི་ལོ་གཉིས་པ་(༡༩༡༠) ཟླ་༩ ཚེས་༡༣ ལ་སྤུག་ཐམ་བཀའ་ཡིག་བསྩལ་བ་རེད།
ཡང་རྒྱ་ནག་མི་སེར་གཞུང་བཙུགས་མ་ཐག་ཁོ་ཚོས་རང་ཚོད་མ་ཟིན་པར། ཁམས་ཕྱོགས་ཀྱི་འབའ་ཐང་དང་། ལི་ཐང་སོགས་སུ་སླར་ཡང་ཚུར་རྒོལ་བྱས་པ་བོད་དམག་གིས་མཐར་བསྐྲོད་བཏང་བར་བརྟེན། ཁོ་ཚོར་དྲག་པོའི་དཔུང་འཇུག་བྱ་རྒྱུར་ནུས་པ་མེད་པ་ཤེས་མཐར་འཇམ་བསླུས་དགོས་པར་ཐག་བཅད་པ་དང་། ༡༩༡༢ ལོའི་ཟླ་༡༠ ཚེས་༢༨ ཉིན་ཡོན་ཧྲི་ཁེ་ཡིས་རྒྱ་གར་བརྒྱུད་ཏཱ་ལའི་བླ་མའི་མཚན་གནས་སླར་གསོ་བྱ་རྒྱུའི་ཏར་འཕྲིན་བཏང་ཞིང། ཏར་འཕྲིན་ནང་རྒྱ་དམག་གིས་ཁྲིམས་འགལ་ཚོད་མེད་བྱས་པར་དགོངས་དག་ཞུ་རྒྱུ་དང་། ཏཱ་ལའི་བླ་མའི་སྔར་ཡོད་མཚན་གནས་སླར་གསོ་བྱས་པ་ཡིན་སྐོར་དང། (6) པཎ་ཆེན་ལ་མཚན་གནས་སྣོན་སྩོལ་བྱས་ལུགས་འཁོད་ཡོད། དེའི་ལན་དུ་རྒྱལ་དབང་མཆོག་གིས་ངོས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ལུང་ཁྱབ་བསྒྱུར་བྱེད་མུས་ཡིན་ན། ང་ལ་ཁྱེད་ཚོའི་མཚན་གནས་དགོས་དོན་མེད་ཅེས་ཏར་ལན་གནང་ཡོད་སྐད་དང་། མཚན་རྒྱན་བཞེས་རྒྱུའི་ཚབ་ལ་བཀའ་བཀྱོན་ཚ་ཐག་ཆོད་གནང་ཡོད་པ་མ་ཟད། ཁོང་གིས་མདོ་ཁམས་ཕྱོགས་ཀྱི་ཆབ་བྲག་དང་། སྨར་མཛོ་གསང་གསུམ། སྡེ་དགེ གོ་འཇོ། འབའ་ལི། ཧོར་སེར། མགོ་ལོག་སོགས་མདོ་ཁམས་ཕྱོགས་ཀྱི་ཡུལ་དགོན་ཡོངས་ལ་རྒྱལ་བསྟན་བྱ་བ་གལ་ཆེན་ཆེད་དམ་ཚིག་ཟོང་ཁ་ཅིག་སྒྲིལ་གྱིས་རྒྱ་དམག་ལྷག་འཕྲོ་རྣམས་མཐར་སྐྲོད་གཏོང་དགོས་སྐོར། (ལྕགས་ཕག་ལོའི་ཟླ་ཚེས་ལ) སྦུག་དམ་བཀའ་རྒྱ་སྩལ་བ་ཟད། དེའི་ཆེད་རྩེ་དྲུང་ལྡེ་མ་མཛོད་པ་མདོ་ཁམས་ཕྱོགས་སུ་ཆེད་གཏོང་གནང་ཡོད།
དུམ་ཚན་འདིའི་ལྟད་མོ་དངོས་ནི་ལོ་རྒྱུས་ཐོག་གི་མཆོད་ཡོན་གསེར་ཟམ་རིང་མོ་གཏན་ནས་ཞིག་སོང་བ་མ་ཟད། རྒྱལ་དབང་མཆོག་གིས་མཚན་གནས་ཕྱིར་སློག་བྱས་པ་སོགས་ཀྱི་གནས་ཚུལ་དེ་མ་ཡིན་པར། དེ་རིང་གི་རྒྱ་ནག་གཞུང་གིས་གོང་གསལ་མཚན་གནས་བསྐྱར་གསོ་བྱས་རབས་ཀྱི་ཏར་འཕྲིན་བཏང་བ་དེ་ཁོ་ན་བེད་སྤྱོད་གཏོང་བ་ལས། རྒྱལ་དབང་ཚང་གིས་སྔ་རྗེས་སུ་མཚན་གནས་བཞེས་རྒྱུ་མིན་སྐོར་སྩལ་བའི་ཡིག་ཆ་སྦས་སྐུང་གང་ཐུབ་བྱེད་ཀྱིན་པ་དེ་དང་། དེ་བས་ཀྱང་ཐབས་སྐྱོ་བ་ནི་ཁུངས་སྣེ་རྫུན་སྒྲིག་གིས་དེ་སྔོན་ཡོན་ཧྲི་ཁེ་ཡི་སྐུ་ཚབ་ལཱོའི་རྡོ་ཐའི་རྒྱ་གར་དུ་ཕྱིན་ནས། ཏཱ་ལའི་བླ་མར་གྲོས་མོལ་གནང་སྐབས་“ཏཱ་ལའི་བླ་མས་རང་ཉིད་ལ་མཚན་གནས་སླར་གསོ་བྱ་དགོས་པ་དང། བོད་སྡོད་དམག་དཔུང་ཕྱིར་འཐེན་དགོས་པ། ཨམ་བན་ལེན་ཡུལ་གནས་དབྱུང་གཏོང་དགོས་པ་བཅས་དོན་ཚན་གསུམ་ཚུར་བཏོན་ཡང་། མན་ཆིན་གཞུང་གིས་དོན་ཚན་གཉིས་པ་དང། གསུམ་པ་ཁས་ལེན་མི་ཐུབ་ཅེས་བཤད་པས་གྲུབ་འབྲས་གང་ཡང་མ་བྱུང་བ་རེད་”སོགས་(4) གསལ་བ་འདི་ཚོ་ཡིན། མན་ཆིང་གཞུང་གིས་དེ་སྔོན་ལཱོའི་རྡོ་ཐའི་རྒྱ་གར་ལ་གཏོང་སྐབས་ཏཱ་ལའི་བླ་མས་མཚན་གནས་བཞེས་ཡོད་པ་ཡིན་ན། རྗེས་ནས་ཡོན་ཧྲི་ཁེ་ཡིས་པཎ་ཆེན་ནང་བཞིན་མཚན་གནས་(སྣོན་སྩོལ)གནང་རྒྱུ་ལས། (བསྐྱར་གསོའི་)སྐད་ཆ་ཡོང་ས་མེད་ལ། གནས་བབས་རང་གི་ཐོག་ནས་བཤད་ནའང་། མན་ཆིན་གཞུང་གིས་ཕྱི་ནང་གི་གནོན་ཤུགས་མ་ཐེག་པར་ཏཱ་ལའི་བླ་མར་མཚན་གནས་བཞེས་རོགས་ཞེས་ངོ་ཆེན་ཞུ་སར་ལོའི་རྡོ་ཐའི་ཅན་བཏང་བ་ལས། ཏཱ་ལའི་བླ་མས་ང་ལ་མཚན་གནས་སླར་གསོ་གནང་རོགས་ཞེས་རེ་སྐུལ་ཞུ་དགོས་པའི་ཚད་མིན་པ་ཡུལ་དུས་ཚོད་རྩིས་ཐུབ་པ་ཞིག་དང། གནས་སྟངས་དེ་རྒྱ་གཞུང་གི་ཡིག་གི་བ་ཚོར་གསལ་པོ་ཡིན།
འདི་ལྟར་རྒྱལ་དབང་མཆོག་གིས་མན་ཆིན་གཞུང་དང་། རྒྱ་ནག་མི་སེར་སྲིད་གཞུང་བར་མཆོད་ཡོན་དང་མཚན་གནས་སོགས་ཀྱི་འབྲེལ་བ་གཙང་བཅད་ཀྱིས། རྒྱ་དམག་མཐར་སྐྲོད་གཏོང་དགོས་པའི་དམག་སྐུལ་བཏང་བས་མཚོན། བོད་དོན་བཤད་སར་རྒྱལ་ཁབ་གཞན་གྱི་བར་བཞུགས་གྲོས་མོལ་གནང་རྒྱུ་ལས། གཅིག་འོག་གཅིག་ལ་མི་འདུ་བ་གསལ་བཤད་བྱས་ཤིང་།
ཡང་ཕྱི་ལོ་༡༩༡༡ རྒྱལ་དབང་མཆོག་གིས་རུ་སུའི་གོང་མར་བཏང་བའི་སྤྲིངས་ཡིག་ནང་། “ཡངས་པའི་ས་ཆེན་བདེ་བར་སྐྱོང་བ་གོང་མ་རྒྱལ་པོ་ཆེན་པོ་མཆོག་གི་དྲུང་དུ། ཆེད་དུ་ཟུས་གསོལ། རང་རེ་བོད་རྒྱལ་ཁང་མཉྫུའི་རྒྱལ་ཁབ་དང་ཉེ་འབྲེལ་མཆོད་ཡོན་ཚོད་ལས་མངའ་འོག་པ་མིན་ཀྱང་། རིམ་པར་ཟ་སེམས་ཀྱིས་བོད་པ་མགོ་བསྐོར་བ་དབང་ཇུས་ཐམས་ཅད་འཕྲོག་རྩིས་ཀྱིས། བསྟན་པར་རྨ་འབྱིན་ཆོས་བྱེད་བསད་དེ་ཆོས་རྫས་རྒྱུ་དངོས་ཧམ་འཕྲོགས་མནར་གཅོད་བརྗོད་ཀྱི་མི་ལངས་པ་བྱས་མུས་སྟབས། དེ་དག་དང་ཉེ་འབྲེལ་ཁོངས་གཏོགས་སྔར་མུས་བཞིན་སྐད་ཅིག་ཙམ་ཡང་གནས་ཐབས་མེད་པ་དང་། བོད་དོན་སྐོར་དེ་སྔ་རྒྱལ་ཁབ་ཆེན་པོ་རུ་དབྱིན་རྣམ་གཉིས་ནས་ཆིངས་ཡིག་བཞག་གནང་ལ་བརྟེན་རང་འཚོ་ཟིན་ཙམ་བྱུང་དོན། དེང་སང་བོད་རྒྱལ་ཁང་མི་དམངས་དཔོན་དམངས་ཐམས་ཅད་ནས་རྒྱལ་ཁབ་ཆེན་པོ་གཉིས་ལ་རོགས་བཅོལ་རྒྱབ་བརྟེན་ཐོག་སྒེར་བཙན་པ་བྱེད་རྒྱུར་མགྲིན་དབྱངས་གཅིག་གིས། ངོས་ཏཱ་ལའི་བླ་མས་གོང་མ་བདག་པོ་ཆེན་པོར་གསོལ་འདེབས་སྤྱི་བོར་བཀུར་རྒྱུ་ཡིན་ཞེེས་ཞུ་བ། འདི་ཐད་རྒྱལ་ཁབ་ཆེན་པོ་གཉིས་ནས་འཕྲལ་དུ་བཀའ་མོལ་ཐུགས་རྗེ་ཆེ་ཐོག་ཕྱི་རྒྱལ་ཆེན་པོ་རྣམས་སུ་དྲིལ་བསྒྲགས་རོགས་ཕན་དང་། ལྷག་པར་དུ་མཉྫུ་ཕྱོགས་ནས་གནོད་སེམས་ཁོག་བཅུག་གི་བོད་ལྗོངས་རྒྱལ་ཁོངས་ཡིན་ཚུལ་གྱི་དམག་བཏང་སྟེ་ཁ་མཆུ་མི་བྱེད་པའི་ངེས་པ་མི་འདུག་པ། དེ་ཐད་རྒྱལ་ཁབ་ཆེན་པོ་རྣམ་གཉིས་ནས་བཀའ་མོལ་གྱིས་སླད་སྒེར་བཙན་ཕུགས་བརྟན་བདེ་བར་འཁོད་པའི་རོགས་མགོན་ཅིས་ཀྱང་ཐུགས་རྗེ་ཆེ་བ་དང། སྔོན་རྒྱལ་པོ་ཆེན་པོར་ཞུས་པ་ལྟར་དོན་སྨིན་གྱི་རྒྱལ་ཁབ་ཆེན་པོར་ནང་པའི་མཆོད་གནས་ལྷ་ཁང་བཞེངས་གནང་ལ་རྒྱལ་པོ་རྒྱལ་སྲས་བཅས་དང་། བཙུན་མོ་སྐུ་ཚེ་མཛད་འཕྲིན་རྒྱས་ཤིང་། ཆབ་སྲིད་བསྐལ་བརྒྱར་བརྟན་པའི་ཆེད་དུ་ཞབས་བརྟན་ཞུ་མི་མཁན་པོ་གཅིག་དང་། བླ་མ་བཅུ་དྲུག་བཅས་བོད་སོག་ཐོར་གོད་པའི་མིང་སྤོ་རད་ཐུ་སོགས་ནང་པ་གང་ནས་ཀྱང་བསྡད་ཆོག་པའི་བཀའ་འདོམས་དང་། ལྷ་རབས་ས་གནས་གུ་དོག་པས་ས་ཆ་གསོལ་རས་ཡོད་པ་ཞུ་རྒྱུ། མཚན་ཞབས་ཅན་གདོང་ས་སྨད་བྱང་ཕྱོགས་ཀྱི་དགོན་སྡེ་ཁག་ལ་དད་རྟེན་བསྐུར་ཐོག་ནང་པ་ཐམས་ཅད་ཆོས་ལུགས་ཡར་ལྡན་གྱི་དོམ་དན་བྱེད་རྒྱུའི་ལག་ཁྱེར་སྤྲད་དོན་ལྟར་གང་ཅིར་རོགས་མགོན་ཐུགས་རྗེ་ཆེ་བ་དང་། རྒྱལ་ཁབ་ཏུ་སློབ་གཉེར་པ་ཁ་ཤས་བཏང་ཡོད་པས། སློབ་གྲྭ་ཆེན་མོར་འཇུག་གནང་གིས་རོགས་མགོན་ཐུགས་འདོར་མེད་པ་ཞུ་རྒྱུ་བཅས་དགོངས་དབྱིངས་སུ་འཇགས་པ་མཁྱེན་”ཞེས(5)། མཚན་ཞབས་རྡོ་རྗེ་ཡིབ་སྐུ་ཚབ་དུ་བསྐོ་རྫོངས་གནང་བ་དང་། གནས་ཚུལ་དེ་ཚོ་རང་བཙན་བསྒྲགས་གཏམ་ཀྱི་སྔོན་འགྲོ་ཡིན་ལ། རྒྱ་གཞུང་གིས་གང་ཐུབ་ཐུབ་སྤས་བསྐུངས་བྱེད་ཀྱིན་པའང་ལོ་རྒྱུས་ཀྱི་དོན་དངོས་འདི་དག་རེད།
གསུམ། གསང་མི་ཚུགས་པའི་བསྒྲགས་གཏམ།
རྒྱ་གཞུང་གི་ཡི་གེ་བ་ཚོར་མཚོན་ན་བོད་རང་བཙན་ལ་གདོང་མ་གཏུག་ཐབས་མེད་ཆགས་དུས། སྐབས་དེ་ཤེད་ཅིག་ལ་[རང་བཙན་དཀྲོགས་རྐྱེན་བསླངས་པ] ཟེར་བ་སོགས་ཡུལ་དུས་ཁ་གསལ་མེད་པའི་ཚིག་བར་ནས་གཡོལ་ཐབས་བྱེད། ངས་རྩོམ་ཡིག་འདི་འབྲི་ཞོར་www.baidu.org ནང་མིག་གཤེར་ཞིག་བྱས་པ་ཡིན། དེར་“ཏཱ་ལའི་བླ་མས་རྒྱ་གར་དུ་བོད་རང་བཙན་ཁྱབ་བསྒྲགས་བྱས་པ་”བཀོད་འདུག དྲ་གནས་འདི་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་སྟབས། ཏཱ་ལའི་བླ་མ་དབྱིན་ཇིས་མི་གཏར་ཉར་ནས་རང་བཙན་བཤད་བཅུག་པའི་སྒྲུང་གི་རྣམ་གྲངས་ཤིག་ཡིན་སྲིད། མ་གཏོགས་རྒྱ་གར་ནས་རང་བཙན་བསྒྲགས་པའི་ཡོངས་གྲགས་གནས་ཚུལ་ཡོད་པ་མ་རེད།
ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་མན་ཆིན་མགོ་རྟིང་བསློགས་པ་དང་འབྲེལ། རྒྱ་ནག་མི་སེར་རྒྱལ་ཁབ་དབུ་བརྙེས་མ་ཐག <<བར་བརྒལ་རྩ་ཁྲིམས་>>བཟོ་མགོ་བཙུགས་ཤིང། ཡིག་ཆ་དེའི་དོན་ཚན་གསུམ་པའི་ནང་“རྒྱ་ནག་གི་མངའ་ཁོངས་ནི། ཞིང་ཆེན་ཉེར་གཉིས་ཀྱིས་གྲུབ་པ་དང་། ཕྱི་སོག་དང། ནང་སོག བོད་ལྗོངས། མཚོ་སྔོན་”བཅས་རྒྱ་ནག་གི་ཞིང་ཆེན་ཡིན་སྐོར་ཁ་སྔ་བཞུག་བརྩད་ནས་བྲིས་འདུག་ལ། ཡིག་ཆ་དེ་༡༩༡༢ ལོའི་ཟླ་༣ ཚེས་༡༠ དྲིལ་བསྒྲགས་འདུག ཡང་དེའི་དོན་ཚན་བཅོ་བརྒྱད་པར་“ཕྱི་སོག་དང། ནང་སོག བོད་ལྗོངས། མཚོ་སྔོན་བཅས་ནས་ཁྲིམས་བཟོ་ལྷན་ཚོགས་དེའི་ནང་འཐུས་མི་རེ་བཏང་སྟེ། སྲིད་གྲོས་ཀྱི་ཆ་ཤས་ལེན་དགོས་”པ་བཀོད་ཡོད། (6)སྐབས་དེར་བོད་པ་རེ་གཉིས་ཚོགས་འདུར་ཁྲིད་རབས་བཤད། རྒྱུ་མཚན་དེ་དག་གིས་“ཨེ་ཤ་ཡའི་དྭ་ཕྲུག”ཏུ་འབོད་པའི་བོད་ཀྱི་སྐྱེ་ཁུངས་རུས་རྒྱུད་གསལ་པོ་བཟོ་དགོས་པ་ནི། རང་བཙན་རྩོད་མཁན་ཞིག་ལ་འཁྲི་བའི་ལས་འགན་དང་པོ་ཡིན་པ་བཤད་མ་དགོས་ཤིང། ཡང་ཁ་གཏད་རང་བཞིན་གྱི་ངོས་ནས་བཤད་ན་རང་བཙན་བསྒྲགས་གཏམ་གྱི་ཐད་ཀར་དམིགས་ས་<<བར་བརྒལ་རྩ་ཁྲིམས་>>འདི་ཡིན་བཟོ་འདུག
རྒྱ་ནག་གཞུང་འབྲེལ་ཐོག་ཉེ་རབས་ལོ་རྒྱུས་ནང་བོད་རང་བཙན་གྱི་མཚམས་ཚིགས་མ་བཟུང་མཐུ་མེད་ཆགས་སྐབས། ཤིང་སྟག་(༡༩༡༤)སིམ་ལའི་ཆིངས་ཡིག་དེ་འཇོག་གང་ཐུབ་བྱེད་ཀྱི་འདུག དེར་གཏན་འཁེལ་འབྲི་སྟངས་[སིམ་ལའི་གྲོས་ཆོད་ཟེར་བ་མིང་ངན་གནམ་འོག་ལ་གྲགས་པ]འདྲ་བོ་དང། [དབྱིན་ཇིའི་ངན་སྐུལ་འོག་ཁྲིམས་འགལ་གྲོས་ཆོད་དེར་ཀྲུང་གོས་མཚན་རྟགས་བརྒྱབ་མེད་སྟབས། ནམ་ཡང་བརྩི་འཇོག་མེད]ཟེར་བ་འདི་ཚོ་རེད། འོན་ཀྱང་། ཁོ་ཚོས་བོད་རང་བཙན་བཤད་སར་(ཁྲིམས་འགལ)ཆིངས་ཡིག་འདི་རང་ཁུར་ཡོང་བར་དམིགས་ཡུལ་ལོས་ཡོད། གཅིག་ནས་ཆིངས་ཡིག་དེའི་ནང་བོད་ཀྱི་བདག་དབང་ཐད་(suzerainty) སྤྱད་ཡོད་སྟབས། འུ་ཐུག་ན་དེ་ནས་ཁ་དཀྱོགས་ལ་འཁྱེར་ས་ཞིག་བཙལ་རྒྱུ་དང་། གཉིས་ནས་དབྱིན་ཇིས་གྲོས་མགོ་བཏོན་པ་ལྟར། ཆིངས་ཡིག་ནང་“ཕྱི་བོད་”དང་“ནང་བོད་”ཀྱི་རི་མོ་ཞིག་ཡོད་པས། ཚིག་ངོས་ནས་དེར་བོད་ཁ་གཏོར་གཏོང་རྒྱུར་ཕན་པ་ཡོད་མེད་གང་ལྟར། ཉིན་ཞིག་བོད་ཧྲིལ་པོོ་འཛིན་མ་ཐུབ་རུང་། “ཕྱི་སོག”དང་“ནང་སོག”གི་ལམ་ལྷོང་ལྟར་རེ་ངན་གཞན་ཞིག་བཅངས་པ་ཡིན་སྲིད། མ་གཞི་ནས་ཆིངས་ཡིག་དེ་རྒྱལ་སྤྱི་རང་བཞིན་ཅན་ཞིག་ཡིན་སྟབས་མངོན་ཆུང་ངང་སྦས་ཐབས་བྲལ་བའང་ཕྱོགས་གཅིག་རེད།
ཡང་ཁ་གསལ་བཟོ་དགོས་པ་ཞིག་ལ། (suzerainty) ཡི་ཚིག་ཁུངས་ཧྥ་རན་སི་ཡིན་པ་དང་། (ཐོག་མར་རྒྱལ་པོ་དང་ས་བདག་གི་ཁ་རྗེ་དབང་ཐང་ལ་འཇུག) ཚིག་འདི་བོད་བསྒྱུར་སྐབས། སྲིད་དོན་རྒྱལ་རབས་ནང་“བོད་རྒྱ་མིའི་མིང་ཙམ་ཀྱི་ཁོངས་གཏོགས་”ཞེས་པ་དང། ཡ་ཧན་ཀྲང་གི་ཏཱ་ལའི་བླ་མའི་རྣམ་ཐར་ལས་“བོད་ལྗོངས་ལ་བདག་པོའི་དབང་ཆ་སྤྱོད་རྒྱུ་”ཟེར་བ། བོད་ཀྱི་གནས་བབས་ནང་“བོད་ནང་རྒྱ་མིས་མིང་ཙམ་དབང་བསྒྱུར་”ཞེས་པ་སོགས་གཅིག་གྱུར་མེད་ལ། མི་ཁ་ཤས་ཀྱིས་ཚིག་ཁུངས་མ་བཙལ་བར་རང་གི་ཞེ་འདོད་ལྟར་ལོག་འགྲེལ་རྒྱག་མཁན་ཡོད་ལ། ཚིག་ངོས་ཀྱི་གོ་དོན་ཐད་(OXFORD) ཚིག་མཛོད་ནང། (a coutry under suzerainty of its powerful neighboar)ཞེས་སྔ་ས་ནས་འགྲེལ་འདུག་ན། གོ་དོན་ཐད་ནས་དོགས་གཞི་མི་དགོས་ལ། ཚིག་འདི་བོད་ཀྱི་གནའ་སྲོལ་“རྒྱལ་པོའི་ཁབ་ཀྱི་རྒྱལ་ཕྲན་”ཞེས་བསྒྱུར་ཚེ་མིང་དོན་གང་ཐད་ནས་ཤིན་ཏུ་མཐུན་པར་སྣང་ཞིང་། དེང་དུས་ཀྱི་འགྲོ་སྟངས་ལ་“སྲུང་སྐྱོབ་རྒྱལ་ཁབ་”ཅེས་བསྒྱུར་ཡང་ཆོག དཔེར་ན། འབྲུག་རྒྱལ་ཁབ་ཀྱི་སྲུང་སྐྱོབས་རྒྱ་གར་ལ་འགན་འཁྲི་བསྐུར་ཡོད་པ་དང་། ཉི་ཧོང་གི་དམག་སྲིད་ཨ་རིའི་ལྟ་སྲུང་འོག་གནས་དགོས་པ་ལྟ་བུ་རེད། ཡང་ (suzerainty)ཞེས་པ་འདི་བཞིན་སིམ་ལའི་ལྷན་ཚོགས་ཐོག བོད་རྒྱའི་འབྲེལ་ལམ་ཐད་གཞི་ནས་གསར་བཟོ་བྱས་ལུགས་དཔེ་ཀློག་མ་བྱས་པར་ཧམ་བཤད་བྱེད་མཁན་ཡོད་མོད། དེ་ལྟར་མ་ཡིན་པར། ཕྱི་ལུགས་༡༩༠༧ ཟླ་༨ ཚེས་༡༣ ཨུ་རུ་སུའི་གྲོང་ཁྱེར་ St. Petersburg City ནང་། དབྱིན་ཇི་དང་རུ་སུ་གཉིས་ཀྱིས་བོད་དོན་ཐད་<< སེཌ་ ཕེ་ཀྲར་བྷོར་ཆིངས་ཡིག >>ཟེར་བ། དོན་ཚན་ལྔ་ཅན་ཞིག་བཞག་པ་དང་། ཆིངས་ཡིག་དེའི་དོན་ཚན་གཉིས་པར། བོད་ཀྱི་རྒྱལ་སྲུང་ཐད་མན་ཆིན་གཞུང་ལ་འགན་སྲུང་དབང་ཚད་ཡོད་དགོས་སྐོར་(suzerain right) བཀོད་ཡོད་སྟབས། བོད་དོན་དང་འབྲེལ་བའི་(suzerainty) ཐོག་མ་དེ་ནས་བྱུང་པར་སྣང་། ཁ་ཉིན་རྒན་འཇམ་དབྱངས་ནོར་བུས་རྒྱལ་དབང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་དང་འབྲེལ་བའི་ཆེད་རྩོམ་སྤེལ་བའི་ནང་། ཕྱི་ལུགས་༡༨༨༦ ལོར་དབྱིན་གཞུང་དང་མན་ཆིན་གཞུང་གཉིས་ཀྱིས་བོད་དང་འབར་མའི་སྐོར་ཆིངས་ཡིག་འཇོག་སྐབས། ཚིག་འདི་བེད་སྤྱོད་བྱས་ཡོད་ཚོད་ཅིག་འདུག་ན། དེའང་དཔྱད་ཁུངས་གལ་ཆེན་ཞིག་རེད།
རྒྱལ་དབང་བཅུ་གསུམ་པས་ཕྱི་ལོ་༡༩༡༣ ཟླ་༢ ཚེས་༡༣ ཉིན་བསྩལ་བའི <<ཆུ་གླང་སྦུག་དམ་རྩ་ཚིག་ཆེན་མོར་>>ང་ཚོས་བོད་རང་བཙན་བསྒྲགས་གཏམ་ཞེས་བརྗོད་ཀྱི་ཡོད་ལ། ཡིག་ཆ་འདི་སྐུ་ཞབས་ Melvyn C. Goldstein གྱིས་བརྩམས་པའི་<<A Histrory of Modern Tibet >> རྒྱ་ཡིག་ལ་བསྒྱུར་བར་བརྟེན་བསྒྲགས་གཏམ་ཆ་ཚང་ཞིག་རྒྱ་ཡིག་ཐོག་འགྱུར་ཡོད། འོན་ཀྱང། རྒྱ་འགྱུར་ནང་བསྒྲགས་གཏམ་གྱི་ཁ་བྱང་ལ་(ཏཱ་ལའི་བླ་མས་བོད་ལ་དབང་བསྒྱུར་ཆ་ཚང་བྱས་པའི་གསལ་བཤད)ཅེས་བཀོད་འདུག སྲིད་དོན་ཚན་རིག་ནང་“རང་བཙན་བསྒྲགས་གཏམ”དང་“དབང་ཆའི་གསལ་བཤད་”གཉིས་ལ་ཁྱད་པར་ཡོད་ཁར། རྩོམ་པ་པོས་བསྒྲགས་གཏམ་མཇུག་ཏུ་གསལ་བཤད་གནང་སྟངས་ཡང་འདི་ལྟར་“བོད་པ་ཚོས་ཡིག་ཆ་འདིར་ཧ་ཅང་མཐོང་ཆེན་བྱེད་པ་དང་། དེ་ནི་ཡོན་ཧྲི་ཁེ་ལ་རང་བཙན་གསལ་བསྒྲགས་བྱས་པའི་བརྡ་ལན་སྤྲད་པ་ཞིག་ཏུ་མཐོང་གི་ཡོད། གཞི་རྩའི་སྐབས་དེའི་བོད་པའི་བརྡ་སྐད་དབང་དུ་བྱས་ན་རང་བཙན་བསྒྲགས་གཏམ་དངོས་མ་ཞིག་ལ་ངོས་འཛིན་ཆོག་མོད། བོད་ཀྱི་ཆབ་སྲིད་བསམ་བློའི་གཞུང་ལུགས་ཀྱི་ཡིག་ཆའི་འགྲོ་སྟངས་ལྟར་ན། གསལ་བསྒྲགས་དེ་ནི་ཏཱ་ལའི་བླ་མས་རང་ཉིད་ལ་རྒྱ་གཞུང་གི་མཚན་གནས་མེད་པ་དང། རྒྱ་དཔོན་གྱིི་བྱུས་གཏོགས་མེད་པར་རང་སྣང་གིས་བོད་ལ་དབང་བསྒྱུར་ཆ་ཚང་བྱ་རྒྱུའི་ཞེ་འདོད་དངོས་ཡིན་པ་གསལ་པོ་རེད་”(7)ཅེས་འགྲེལ་བརྗོད་དཀྱོག་དཀྱོག་ཅིག་བརྒྱབས་འདུག དེ་བས་སྟབས་ཡག་ནས་རྒྱ་གཞུང་གིས་དེབ་དེ་ཕབ་བསྒྱུར་ཐད་བཀག་འགོག་མ་བྱས་པ་ཡིན་ཡང་སྲིད། (བོད་མི་གསར་བརྗེ་བའི་སྔོན་གླེང་ནང་ཁོང་གིས་ཀྱང་རང་བཙན་བསྒྲགས་གཏམ་ཞེས་བྲིས་འདུག) དེ་ལྟར་མི་རེ་གཉིས་ཡོད་ན་ལས་གཞན་ཁྲིམས་ལུགས་ཆེད་མཁས་པ་དང། ཕྱི་འབྲེལ་མི་སྣ་གྲགས་ཅན། ད་དུང་ལོ་རྒྱུས་སྨྲ་བ་བཅས་ཀྱིས་རྩ་ཚིག་ཆེན་མོ་རང་བཙན་བསྒྲགས་གཏམ་ཡིན་པ་སྔ་མོ་ནས་ཁ་གསལ་གནང་འདུག་ལ། ཐོག་མར་རང་བཙན་བསྒྲགས་གཏམ་ཞེས་འབྲི་མཁན་ཡང་ཕྱི་གླིང་བ་ཚོ་ཡིན་པར་སྣང་།
༡༽ SIR CHARLES BELL ལགས་ཀྱིས་བརྩམས་པའི་<<Portrait of a Dalai Lama>> ནང་“ཡོན་ཧྲི་ཁེ་ཡིས་ཏཱ་ལའི་བླ་མར་མཚན་གནས་ཕུལ་བ་ཁོང་གིས་བཞེས་རྒྱུ་མིན་ཞེས་དང་། གང་ཡིན་ཟེར་ན་ངོས་ནས་བོད་ཀྱི་ལུགས་གཉིས་མངའ་དབང་ཁྱབ་བསྒྱུར་བྱ་བཞིན་ཡོད་ཅེས་བཀའ་ལན་གནང་བ་རེད། དེ་བས་ན། དེ་ནི་ལྷ་མིའི་རྣམ་འདྲེན་ཁོང་གིས་ (Thus the god-king made clear his declaration of Tibetan independence.) བོད་རང་བཙན་གྱི་བསྒྲགས་གཏམ་གསལ་ཐག་ཆོད་ཅིག་གནང་བའི་མཚོན་དོན་རེད” ཅེས་བཀོད། (དེབ་འདི་༡༩༤༦ ལོར་པར་སྐྲུན་བྱས)
༢༽ རྒྱ་ནག་མི་སེར་སྲིད་གཞུང་གི་བོད་སྡོད་སྐུ་ཚབ་བྱས་མྱོང་མཁན་རྒྱ་དཔོན་ཧྲིན་ཙོང་ལེན་གྱིས་བརྩམས་པའི་<<Tibet and the tibetans>> ནང་“༡༩༡༢ ལོར་ཏཱ་ལའི་བླ་མ་ཕྱིར་ལྷ་སར་ལོག་མ་ཐག བོད་རང་བཙན་(Tibetan independence)ཟེར་བའི་བསྒྲགས་གཏམ་སྤེལ་བ་དང་། སྐབས་དེར་མན་ཆིན་གཞུང་ཕྱིའི་བཙན་འཛུལ་འོག་ལྷག་ནས། བོད་ལ་འཛིན་སྐྱོང་བྱ་རྒྱུའི་ནུས་པ་སྒོ་གང་ཐད་ནས་མེད་”ཅེས་བྲིས་ཡོད་ལ། (དེབ་འདི་༡༩༥༣ ལོར་དཔར་སྐྲུན་བྱས)
༣༽ སྐུ་ཞབས་Michael C.Van Walt Van Praag ལགས་ཀྱིས་བརྩམས་པའི་<<བོད་ཀྱི་གནས་བབས་>>ནང་“ཏཱ་ལའི་བླ་མ་རང་གི་སྐྱོང་ཡུལ་བོད་ལྗོངས་ལ་ཕྱིར་ལོག་པ་དང་། ཁོང་གི་གཞུང་ངོས་ནས་ནུས་ལྡན་གྱིས་འཛིན་སྐྱོང་གནང་བ་མ་ཟད། དེ་དང་ཆབས་ཅིག་ཏཱ་ལའི་བླ་མས་༡༩༡༣ ལོར་རང་བཙན་བསྒྲགས་གཏམ་(Declaration of Tibetan independence)སྤེལ་བ་སོགས་ཀྱིས། བོད་འཛིན་སྐྱོང་དེ་བཞིན་ཕྱི་ལོག་གི་ཐེ་བྱུས་མེད་པའི་ཡུན་རིང་ཞི་འཇགས་ཀྱི་ཕྱོགས་སུ་བསྐྱོད་འགོ་བཙུགས་པ་རེད”ཅེས་བཀོད། (དེབ་འདི་ ༡༩༨༧ ལོར་དཔར་སྐྲུན་བྱས་)
༤༽ ཞ་སྒབ་པས་<<སྲིད་དོན་རྒྱལ་རབས་>>ནང་“བོད་རང་དབང་རང་བཙན་གཙང་མའི་ཁྱབ་བསྒྲགས་རྩ་ཚིག་ཆེན་མོ་”ཞེས་བཀོད་པ། (དེབ་འདི་༡༩༧༦ ལོར་པར་སྐྲུན་བྱས)
མ་གཞི་ནས་མི་སེར་སྤེལ་མཁན་གྱིས་མི་སེར་སྤེལ་ཡུལ་གྱི་མི་མང་ལ། རང་ངོ་རང་ལ་འཕྲོད་མི་འཇུག་རྒྱུ་རྩ་བའི་དམིགས་ཡུལ་ཡིན་སྟབས། ཁྱེད་རང་ཚོའི་རང་བཙན་རེད། རང་བཙན་སྤེལ་བའི་ཉིན་མོ་འདི་རེད་ཅེས་མིང་བཟུང་དོན་བཟུང་དང་། ཉི་མ་སྐར་མ་གཏན་ཁེལ་བྱེད་མི་སྲིད་པ་གཞིར་བྱས། རྒྱ་གཞུང་གིས་བསྒྲགས་གཏམ་འདིར་ཧ་ཅང་འཛེམས་ཟོན་བྱེད་པ་མ་ཟད། རང་བཙན་བསྒྲགས་གཏམ་ཡིན་པ་དེ་བས་གླེང་མི་ཕོད། བསམ་བློ་བཏང་ན་དེ་ནི་བསྒྲགས་གཏམ་འདིའི་ཆབ་སྲིད་ཐད་ཀྱི་“ཁ་བྲལ་”རང་བཞིན་གཅིག་པུ་མ་ཡིན་པར། བསམ་བློའི་ཐད་ཀྱི་“སྔོན་ཐོན་”རང་བཞིན་ཡང་ཡིན་ངེས་པར་འདོད།
བཞི། བསྒྲགས་གཏམ་དང་བསྒྲགས་གཏམ་བསྡུར་བ།
བོད་རང་བཙན་སྒྲུབ་སར་བསྒྲགས་གཏམ་འདི་གལ་ཆེ་རབས་བཤད་ན་ལོས་ཆེ་མོད། བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་རང་བཙན་བསྒྲགས་གཏམ་ཡོད་དགོས་པ་དང་། རྒྱལ་གླུ། རྒྱལ་དར། རྒྱལ་རྟགས་སོགས་ཡོད་དགོས་པའི་ནུབ་ལུགས་ཀྱི་ཚད་གཞི་དེ་དག ང་ཚོ་ཡ་གླིང་གི་རྒྱལ་ཁབ་ཚོའི་མགོར་བསྐོན་ཡོང་དུས་ར་སུག་ལུག་ལ་འཕྲོད་མིན་མ་ཡིན་པར། མཚོན་རྟགས་འདི་དག་མེད་པའི་ཡར་སྔོན་དོན་དངོས་རང་བཙན་ཡིན་པའི་གནས་བབས་ལ་ཕོགས་ཐུག་འགྲོ་ཡི་ཡོད་མེད་ཀྱི་སེམས་ཁྲལ་ཞིག་ཡོང་གི་ཡོད་ལ། བོད་ལ་ཆ་བཞག་པ་ནའང་ང་ཚོར་མཚོན་རྟགས་འདི་དག་ཡོད་པ་ནས་ད་གཟོད་རང་བཙན་གྱི་སྦྱོར་དངོས་ཚང་བ་མ་ཡིན་པར། དེ་དག་མེད་པའི་ཡར་སྔོན་ནས་བོད་རྒྱལ་ཁབ་ཏུ་གནས་མྱོང་བ་ཙམ་མ་ཟད། ལོ་སྟོང་གི་སྔོན་ནས་ཁྲིམས་སྒོ་རང་སྐྱོང་གི་རྒྱུད་པ་ཟམ་མ་ཆད་པར་ཡོད་བསྡད་པ་ཞིག་རེད།
བྱེ་བྲག་བོད་རང་བཙན་བསྒྲགས་གཏམ་འདིའི་ཁྱད་ཆོས་འབའ་ཞིག་བཤད་ན། བསྒྲགས་གཏམ་འདིར་སྔོན་གླེང་གི་ས་བཅད་དང། དེའི་འོག་དོན་ཚན་ལྔ་ལ་དབྱེ་ནས་མཇུག་བསྡུས་འདུག སྔོན་གླེང་དེ་“ཕྱི་སྲིད་”དང་འབྲེལ་བའི་རང་བཙན་རྣམ་བཤད་ཡིན་པ་དང། དོན་ཚན་ལྔ་པོ་ཆབ་འབངས་ཆགས་ཐབས་ཀྱི་“ནང་སྲིད་”སྐོར་གཙོ་འདོན་བྱས་འདུག བསྒྲགས་གཏམ་འདིའི་བརྗོད་གཞི་བཀྲམ་སྟངས་ཀྱི་རིགས་ལམ་དང། ས་བཅད་རྒྱས་བསྡུས་བྱེད་སྟངས་སོགས་ཀྱིས་ང་ལ་བསྒྲགས་གཏམ་འདི་<<ཨ་རིའི་རང་བཙན་བསྒྲགས་གཏམ་>>དང་<<ཧྥ་རན་སིའི་ཆབ་འབངས་ཐོབ་ཐང་བསྒྲགས་གཏམ་>>གཉིས་ལ་གཤིབས་བསྡུར་བྱེད་རྒྱུའི་སྣང་བ་འཁྲུལ་དུ་བཅུག་སོང་ལ། དེ་ནི་བསྒྲགས་གཏམ་འདི་གླེང་རིན་ཡོད་པའི་རྒྱུ་མཚན་ཀྱི་ཕྱོགས་ངོས་གཞན་ཞིག་རེད།
ཨ་རིའི་བསྒྲགས་གཏམ་ནང་། དང་པོར། བསྒྲགས་གཏམ་སྤེལ་ཆོག་པའི་དབང་ཆའི་ཡོང་ཁུངས་གསལ་བཤད་བྱས་འདུག་པ་དང། གཉིས་པ། ཁྲིམས་སྒོ་རང་བཙན་མ་བྱས་མཐུ་མེད་ཆགས་པའི་རྒྱུ་མཚན། གསུམ་པ། རྒྱལ་ཁབ་ཀྱི་དམིགས་འབེན་གཏན་འཁེལ་དང། དགྲ་འགོག་རང་སྲུང་ཆེད་མནའ་གན་དམ་འབུལ་བྱས་པ་བཅས་ས་བཅད་གསུམ་ལ་དབྱེ་ཡོད། བོད་ཀྱི་བསྒྲགས་གཏམ་གྱིི་སྔོན་གླེང་དེའང་ནང་གསེས་ཁག་གསུམ་ལ་དབྱེ་ཡོད་པ་མ་ཟད། རིགས་ལམ་བགྲོད་སྟངས་ཀྱང་ཨ་རིའི་བསྒྲགས་གཏམ་དང་ཧ་ཅང་མཐུན་པོ་འདུག
དཔེར་ན། ཨ་རིའི་བསྒྲགས་གཏམ་གྱིི་ས་བཅད་དང་པོར། བསྒྲགས་གཏམ་སྤེལ་རྒྱུའི་དབང་ཚད་བཤད་ཡོད་པ་དང་། དེའི་ཐད་མི་ཚང་མ་འཇིག་རྟེན་བྱེད་པོས་སྲིད་པའི་ཁམས་ལ་མངགས་སྐབས་ཐོབ་ཐང་འདྲ་མཉམ་ཡིན་པ་ལུང་ན་བསྟན་ཡོད་ལ། དེ་ན་ང་ཚོར་དབྱིན་ཇིའི་གཉའ་གནོན་ཁུར་རྒྱུའི་འོས་བབ་མེད་སྐོར་དབང་ཆའི་མགོ་ཁུངས་ལྷ་སྒྲུང་ལ་གཏུགས་ཡོད་ལ། བོད་ཀྱི་བསྒྲགས་གཏམ་ནང་དུའང་[ངོས་ནི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ཀྱི་སྒྱུ་འཕྲུལ་ཟམ་མ་ཆད་པར་བྱོན་པའི་སྐྱེ་ཕྲེང་ཡིན་པ་དང་། ངེད་ཚོར་ར་བ་གངས་ཀྱིས་བསྐོར་བའི་ལྗོངས་འདི་ཕྱག་མཚན་ལ་བཞེས་རྒྱུར་སྟོན་པའི་ལུང་གིས་བསྐོས་ཡོད་]ཅེས་དབང་ཁུངས་ལྷའི་ལུང་ལ་གཏུགས་པ་གཉིས་ལའང་འགལ་བ་ཆེར་མེད།
ཨ་རིའི་བསྒྲགས་གཏམ་ཀྱི་ས་བཅད་གཉིས་པར། དབྱིན་ཇིས་མི་སེར་སྤེལ་བའི་ལམ་ལུགས་འོག དེ་སྔའི་ཨ་རིའི་མངའ་སྡེའི་ཁྲིམས་སྲོལ་རྣམས་རྩ་གཏོར་བྱས་པའི་སྡུག་ཉེས་སྣ་ཚོགས་དྲངས་ཏེ། ཁྲིམས་སྒོ་རང་བཙན་མ་བྱས་མཐུ་མེད་ཆགས་པའི་གནས་ཚུལ་ཞིབ་བརྗོད་བྱས་ཡོད་ལ། བོད་ཀྱི་བསྒྲགས་གཏམ་ནང་དུའང་[རྒྱ་མིས་བོད་ཟ་ཧམ་བཅངས་ཏེ། བོད་རྒྱལ་ཁབ་ནང་བཙན་འཛུལ་བརྡབས་མནར་བྲན་བསྒྱུར་བྱས་པར་བརྟེན། བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་རང་ནུས་གང་ཡོད་ཐོག དབུས་གཙང་ཁུལ་གྱི་རྒྱ་དམག་མཐར་སྐྲོད་བཏང་ཟིན་པ་དང། མདོ་ཁམས་ཕྱོགས་ནས་གཏོང་རྒྱུ་བཅས་ཀྱི་གནས་སྟངས་འོག་ལྷག་ཡོད། སྐབས་མཚམས་ལས་འབྲས་ཀྱི་དབང་གིས་མན་ཇུ་གོང་མ་མགོ་རྟིང་སློག་རྐྱེན། ད་ཆ་མཆོད་ཡོན་ཁ་འཁྱེར་དོན་དམ་བྲན་བསྒྱུར་གྱི་རེ་ངན་བྱེ་མའི་ཆངས་བུ་བཞིན་རྩ་འཐོར་དུ་ཕྱིན་ཚར] ཞེས་བཀོད་པ་ལྟ་བུ་རེད།
ཨ་རིའི་བསྒྲགས་གཏམ་ས་བཅད་ཐ་མར། རང་བཙན་རྒྱལ་ཁབ་ཀྱི་འགན་འཁྲི་གང་ཡིན་པ་དང་། དེ་སྲུང་སྐྱོབ་ཆེད་མནའ་གན་དམ་འབུལ་བྱས་འདུག་ལ། བོད་གཏམ་ནང་དུའང་“རྒྱ་དམག་མཐར་སྐྲོད་བཏང་བ་ནས་བོད་ནང་རྫོགས་ལྡན་གསར་བའི་དགའ་སྟོན་ལ་མྱོང་རྒྱུའི་སྐལ་བཟང་ཐོབ་ཐབས་སུ། སྣེ་མོ་ལས་འཛིན་པ་ཚོས་ཁྲལ་བསྡུ་ཁྲིམས་གནོན་ཚུལ་མཐུན་དང་། དགྲ་འགོག་རང་སྲུང་གི་འདུ་འགོད་ལྷོད་མེད་དགོས་པ་”ཚིག་ཉུང་དོན་འདུས་ཀྱིས་བཀོད་འདུག
ཡང་བོད་ཀྱི་བསྒྲགས་གཏམ་ནང་མི་སེར་གྱི་ཐོབ་ཐང་དང་འབྲེལ་བའི་དོན་ཚན་ལྔ་བོ་དེ་དང་། <<ཧྥ་རན་སིའི་ཆབ་འབངས་ཐོབ་ཐང་གི་བསྒྲགས་གཏམ་>>བར་གྱི་མཚུངས་ཆོས་གཤིབས་བསྡུར་ཞིག་བྱས་ན། ཧྥ་རན་སིའི་བསྒྲགས་གཏམ་དེར་དོན་ཚན་བཅུ་བདུན་ཡོད་པ་དང། ནང་དོན་གྱི་ཆ་ནས་ཀྱང་སྲིད་གཞུང་ཞིག་མང་ཚོགས་ཀྱི་འདོད་འདུན་དང་མ་མཐུན་ན་ཁྲིམས་མཐུན་མིན་པ་དང། ཉེས་ཅན་ལ་ཁྲིམས་བཤེར་བྱེད་སྟངས་ཀྱི་གོ་རིམ་སོགས་ཞིབ་ཚགས་དང་ཁྱབ་ཆེ་བ་ཞིག་ཡིན་མོད། བོད་ཀྱི་བསྒྲགས་གཏམ་གྱི་གཞི་རྩའི་སྐད་ཆའི་ཡོང་སྟངས་ཧྥ་རན་སིའི་བསྒྲགས་གཏམ་བར་ཁྱད་པར་ཆེན་པོ་རེད་ལ།དེ་ལྟར་ཡིན་འོས་པ་ནི། ཧྥ་རན་སིའི་བསྒྲགས་གཏམ་དེ་བཞིན་རྒྱལ་རྒྱུད་ལམ་ལུགས་རྩ་རྫོགས་བྱས་པའི་རྗེས་ནས་གསར་བརྗེ་རྒྱལ་ཁབ་བཙུགས་པའི་བསྒྲགས་གཏམ་ཡིན་པ་དང་། བོད་ཀྱི་རང་བཙན་བསྒྲགས་གཏམ་ནི་མི་རྗེ་དབང་འཛིན་ལམ་ལུགས་སོར་གནས་ཐོག་ལེགས་བཅོས་གཏོང་ཕྱོགས་ཀྱི་བསྒྲགས་གཏམ་ཡིན་པས། ངོ་བོའི་ཆ་ནས་ཁྱད་པར་འབྱེད་དགོས་ཀྱང་། དེ་གཉིས་བར་མཐུན་ཆ་ངེས་ཅན་ཞིག་ཡོད་པ་དཔེར་ན།
བོད་ཀྱི་བསྒྲགས་གཏམ་(གཤམ་ནས་བོད་གཏམ་ཞེས་བསྡུ་རྒྱུ)དོན་ཚན་(༡)པོའི་ནང། “ཆོས་སྲིད་དཔལ་ཡོན་གྱི་གཞི་མར་གྱུར་བའི་དགོན་སྡེ་ཁག་ཡུན་གནས་ཆེད། དགེ་འདུན་སྡེ་མཆིས་སོ་ཅོག་གི་མཆོད་རྒྱུན་རང་འཇགས་འཇོག་རྒྱུར་ཁག་ཐེག་ཡོད་”ཅེས་བཀོད་པ་ལྟར། ཧྥ་རན་སིའི་བསྒྲགས་གཏམ་སྤེལ་སྐབས། གོང་ནས་བཤད་པ་ལྟར་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་དབང་ཆ་མགོ་རྟིང་སློག་བཞིན་པའི་ཁ་ཐུག་ཡིན་སྟབས། དགོན་སྡེ་གྲྭ་ཚང་དང། ས་བདག་གི་མཆོད་རྒྱུན་ལ་དམིགས་འདོན་སྲུང་སྐྱོབ་དགོས་སྐོར་བཤད་འོས་མེད་མོད། བསྒྲགས་གཏམ་ནང་དུའང་དེ་མཚུངས་ཀྱི་བཤད་ཚུལ་ཡོད་པ་ནི། ཧྥ་གཏམ་དོན་ཚན་དང་པོར། “ཁེ་དབང་གི་སྐད་ཆའི་མདུན་ནས། འགྲོ་བ་མིའི་རིགས་སྐྱེས་པའི་ཉིན་མོ་ནས་བཟུང་འདྲ་མཉམ་ཡིན་མོད། དམངས་དོན་གྱི་བྱ་བའི་སྤྱོད་སྒོའི་ཐད་ནས་ད་གཟོད་སྤྱི་ཚོགས་ཐོག་མི་ལ་ཁྱད་པར་བྱུང་བ་རེད་”ཅེས་པ་འདི་བཞིན། སྤྱི་ཚོགས་ཐོག་ཚོགས་སྒེར་སུ་ཡིན་རུང། རང་གི་ཤེས་འཇོན་ལྷག་བསམ་གྱི་སྤྱོད་སྒོར་གཞིགས་ནས་དམིགས་བསལ་ཁེ་དབང་ཡོད་ངེས་པ་ཕུགས་ནས་ཁས་ལེན་བྱས་འདུག
བོད་གཏམ་དོན་ཚན་(༢)ནང་། “མདོ་སྔགས་གསར་རྙིང་གི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་སོ་སོའི་ཕྱག་བཞེས་གཙང་མར་འཆད་ཉན་དང། བཅས་པ་ཚུལ་བཞིན་སྲུང་དགོས་པའི་”སྐོར་འཁོད་པའང། བོད་ལ་མཚོན་ན་དམིགས་འདོན་དགོས་པའི་གནད་དོན་ཞིག་ཡིན། དཔེར་ན། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འོག་དབང་འཛིན་པ་རྣམས་ཆོས་ལུགས་མི་སྣ་ཡིན་སྟབས། གྲུབ་མཐའ་བྱེ་བྲག་པའི་རྒྱབ་ལྗོངས་ཡོད་པ་གཞིར་བྱས། དབང་ཆ་བྱུང་མཚམས་གྲུབ་མཐའི་ཞྭ་བསྒྱུར་ལུགས་བརྗེ་བྱས་ནས་འཁྲུག་རྩོད་བསྟུད་མར་བྱུང་ཡོད། ཧྥ་རན་སིའི་དོན་ཚན་བཅུ་བར་“བསམ་ཚུལ་བཏོན་པ་གང་ཞིག་ཁྲིམས་ཀྱི་བཅའ་མཚམས་ལས་བརྒལ་ནས། སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་རྐྱེན་ལ་སོང་བ་མིན་ཕྱིན། མི་སུ་དང་སུ་ཡིན་རུང་དེར་བསམ་ཚུལ་ཡོད་མི་ཆོག་ལ། ཐ་ན་དད་མོས་ཀྱི་བསམ་ཚུལ་དབང་གིས་མི་གཞན་སུན་པོ་བཟོ་བ་སོགས་ཀྱང་གཅིག་མཚུངས་ཡིན་”ཞེས་འཁོད་ཡོད། གནད་དོན་འདིའི་ཐད་ནས་ཀྱང་བཤད་སྟངས་ཙམ་ལས་གཞི་གཅིག་ལ་བབ་ཡོད།
བོད་གཏམ་དོན་ཚན་(༣) པའི་ནང་། “སྣེ་མོ་ལས་འཛིན་པ་ཚོས་ཁྲལ་བསྡུ་ཁྲིམས་གནོད་ཐད་ཆབ་འབངས་བརྡབས་མནར་དང། ཉེས་པ་ཕྲན་བུར་བསྙད་ནས་ས་ཁང་གཞུང་བཞེས། ཡན་ལག་བྲེགས་པ་སོགས་ཀྱི་བྱ་ངན་རིགས་གཏན་ནས་མི་ཆོག་པ་”ནན་བརྗོད་བྱས་ཡོད།
ཧྥ་རན་སིའི་བསྒྲགས་གཏམ་ནང་“འབངས་མི་ཚང་མས་རང་ཉིད་དངོས་སུའམ་འཐུས་མི་བརྒྱུད་དཔྱ་ཁྲལ་གྱི་དགོས་ངེས་རང་བཞིན་ངོས་འཛིན་གཏན་འབེབས་དགོས་ཤིང། དེའང་རང་མོས་ཐོག་ནས་ངོས་འཛིན་བྱས་པ་ཡིན་དགོས་ལ། ད་དུང་འབུལ་བསྡུའི་ཚོད་དཔག་དང་། གཏོང་སྒོར་རྒྱུས་ལོན། བྱུང་སོང་གཏན་འབེབས་ཀྱི་གྲངས་འབོར། རྣམ་གྲངས། ཕྱི་རྐྱེན། དཔྱ་ཁྲལ་བསྡུ་སྟངས་དང་དུས་ཚོད་ཚང་མར་ཉམས་འཇོག་བྱ་དགོས་”ཞེས་དང། ཡང་ཧྤ་གཏམ་དོན་ཚན་བཅུ་བཞི་བར་“སྤྱི་ཚོགས་ལ་གཞུང་འཛིན་པའི་ལས་བསྡོམས་སྙན་ཐོ་ཁ་གསལ་བཟོ་དགོས་སྐོར་བརྡ་འདེད་གཏོང་རྒྱུའི་ཐོབ་ཐང་ཡོད་”ཅེས་པ་འདི་དག སྐད་ཆའི་གོ་རིམ་ཙམ་ལས་ནང་དོན་ཆེར་མ་མཐུན་པ་མེད།
བོད་གཏམ་དོན་ཚན་(༤)ནང། “བོད་རྒྱལ་ཁབ་ལ་འཕྲུལ་ཆས་སོགས་ཀྱི་སྟོབས་ཤུགས་མི་ལྡན་རུང་། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རང་ས་རང་སྲུང་ཆེད་དྲག་པོའི་འདུ་འགོད་རྒྱ་གང་ཆེ་བྱ་དགོས་པ་དང་། དཔྱ་ཁྲལ་སྤར་དགོས་པའི་”སྐོར་དེ་དང། ཧྥ་གཏམ་དོན་ཚན་བཅུ་གཉིས་པར་“སྤྱི་འབངས་ཀྱི་ཐོབ་ཐང་ཁག་ཐག་ཆེད་དྲག་པོའི་སྟོབས་ཤུགས་དགོས་ངེས་ཡིན་མོད། དཔུང་སྟོབས་དེ་བཞིན་རྒྱལ་འབངས་ཡོངས་ཀྱི་ཆགས་ཐབས་དང་འབྲེལ་བ་ལས། སྟོབས་ཤུགས་བཀོལ་སྤྱོད་མཁན་གང་ཟག་སྒེར་བའི་ཆེད་དུ་བཙུགས་པ་གཏན་ནས་མིན་”ཞེས་དང། ཡང་ཧྤ་གཏམ་དོན་ཚན་བཅུ་གསུམ་པར་“དམག་དཔུང་གི་རྒྱུན་གྲོན་དང། གཞུང་གྲོན་ཆེད་སྤྱི་འབངས་ལ་ཁྲལ་བསྡུ་དགོས་པ་གཡོལ་ཐབས་མེད་པ་ཞིག་རེད། འོན་ཀྱང། དཔྱ་ཁྲལ་བསྡུ་སྐབས་འབངས་ཀྱི་འཁོས་ཚོད་ལ་དཔྱད་པའི་བགོོ་བཤའ་རྒྱག་དགོས་”ཞེས་པ་སོགས་དོན་ཚན་རྣམས་བོད་གཏམ་ཧྥ་གཏམ་གཉིས་ཐད་གར་ཁ་སྤྲོད་ཐུབ་པ་ཞིག་འདུག
བོད་གཏམ་དོན་ཚན་(༥) ནང་། “ས་བདག་དང་། གཞུང་སྒེར་སུས་ཀྱང་མི་སེར་རྣམས་ཀྱིས་རང་འགུལ་ཐོག་ས་སྟོང་བེད་མེད་རྣམས་འདུལ་འདེབས་བྱས་རིགས་ལ་བཀག་འགོག་གཏན་ནས་མི་ཆོག་ཁར། དེ་ལྟར་བྱེད་མཁན་ལ་ས་ཆའི་འཛིན་དབང་གཏན་འཇགས་སྤྲོད་རྒྱུ་ཡིན་”ཞེས་དང་། ཧྥ་གཏམ་ནང་“ རྒྱུ་ནོར་སྒེར་བདག་གི་ཐོབ་ཐང་དེ་གཏན་ཐོག་པ་ནས་འཕྲོག་མི་ཆོག་པས་ན། སྤྱི་ཚོགས་ཀྱི་དགོས་མཁོ་ངེས་ཅན་ཞིག་གི་ཆེད་དུ་ཁྲིམས་མཐུན་གྱིས་ཁྲལ་འཁུར་དགོས་པ་གང་ཞིག་ཐག་གཅོད་ཀྱི་སྐེད་མཚམས་ལ་སླེབས་ན་མ་གཏོགས། དེ་ཡང་འདྲ་མཉམ་དང་སྐྱིན་ཚབ་སྤྲོད་རྒྱུར་སྔོན་དཔག་ཡོད་པ་ཞིག་ཡིན་དགོས་པ་གཞིར་བྱས། སྐྱེ་བོ་སྒེར་གྱི་རྒྱུ་ནོར་ལ་གཏན་ནས་གནོད་འཚེ་གཏོང་མི་ཆོག་”ཅེས་བཀོད་ཡོད་སྟབས། དོན་ཚན་འདི་དག་ཕན་ཚུན་མཐུན་མིན་ཐད་དོགས་གཞི་མེད།
ངས་འདིར་ཆབ་སྲིད་ཀྱི་ཚད་གཞི་རྐྱང་བའི་ངོས་ནས་བསྒྲགས་གཏམ་གསུམ་པོ་རགས་བསྡུར་ཙམ་ལས། ཤར་ནུབ་ཀྱི་ཁྲིམས་སྲོལ་དང། སྤྱི་ཚོགས་དཔལ་ཡོན་གྱི་རྒྱབ་ལྗོངས་སོགས་ལ་དབྱེ་ཞིབ་ཐུབ་མེད། དཔེར་ན། ཨ་རིའི་བསྒྲགས་གཏམ་དེ་༡༧༧༦ ལོར་ཁྱབ་སྤེལ་བྱས་པ་དང་། ཧྥ་རན་སིའི་བསྒྲགས་གཏམ་༡༧༨༩ ལོར་ཁྱབ་སྤེལ་བྱས་པ་སོགས། དུས་ཀྱི་ཆ་ནས་ལོ་བརྒྱ་དང་ལྔ་བཅུ་ལྷག་གི་བར་ཁྱད་ཡོད་པ་དང། ཧྥ་རན་སིའི་བསྒྲགས་གཏམ་ལ་མཚོན་ན་འགྲོ་བ་མིའི་རིགས་ལ་ཁྱབ་ཐུབ་པ་ཞིག་ཡིན་ལ། ཡིན་པའི་རྒྱུ་མཚན་ཡང་བསྒྲགས་གཏམ་སྤེལ་སྐབས་ཡུ་རོབ་གླིང་གི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཧྥ་རན་སི་ཡིན་པ་དང་། ཡུལ་ཁམས་དེར་གསར་བརྗེ་འོས་ལངས་ཀྱི་ཚ་རླབས་ནང་ཚུད་ཡོད་པ་མ་ཟད། ཡུལ་མིའི་གྲུབ་ཆའང་ཡུ་རོབ་ཀྱི་མི་རིགས་སྣ་ཚོགས་ཆགས་བསྡད་ཡོད། བོད་ཀྱི་བསྒྲགས་གཏམ་སྤེལ་སྐབས་ང་ཚོ་ད་དུང་མཐོ་སྒང་ན་གྲོགས་མེད་ཁེར་རྐྱང་ངང་ལྷག་ཡོད། ཡང་ཨ་རིའི་བསྒྲགས་གཏམ་ཐད་རྒྱལ་ཁབ་ཀྱི་སྐད་ཆ་མ་བཤད་ན། མགོ་སེར་གྱིས་མགོ་སེར་ལ་སྤེལ་བ་(དབྱིན་ཇིས་དབྱིན་ཇིར་)ཞིག་ཡིན་ལ། བོད་ཀྱི་བསྒྲགས་གཏམ་ནི་གཅིག་འོག་གཅིག་ཏུ་མེད་པའི་རྒྱལ་ཁབ་གཉིས་ཀྱི་དོན་དག་ཡིན་སྟབས། བོད་ཀྱི་རང་བཙན་གསལ་བསྒྲགས་འདི་བཞིན། རང་བཙན་གྱི་རྒྱལ་ཁབ་ཅིག་གསར་དུ་བཙུགས་པའི་དོན་དག་མིན་པ་བསྒྲགས་གཏམ་ནས་གཙོ་འདོན་བྱས་ཡོད་ཁར། རིགས་རུས་མཆེད་ཁུངས་དང་། རིག་གཞུང་སོགས་རྦད་དེ་ཐ་དད་ཡིན་པ་བཅས་རྩ་བའི་མི་འདྲ་ས་དང་། ཡང་བསྒྲགས་གཏམ་གཞན་པ་གཉིས་ཀྱི་ཁྱད་ཆོས་གཙོ་བོ་དེང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་སྐད་ཆའི་འབྱུང་ཁུངས་སམ་རྒྱབ་རྟེན་ཆགས་ཡོད་ལ། རིམ་པ་དེ་ནས་བཤད་ན། འུ་ཚང་གི་བསྒྲགས་གཏམ་ལ་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ཤུགས་ཆེན་མངོན་ཡོད། ཡག་ཕྱོགས་ནས་བཤད་ན། ཨ་རིའི་བསྒྲགས་གཏམ་ནང་མི་ནག་དང་ཨིན་ཌ་ཡ་ནའི་རིགས་ལ་མཐོང་ཆུང་གི་སྐད་ཆ་ཡོད་མོད། བོད་ཀྱི་བསྒྲགས་གཏམ་ནང་རིགས་རྒྱུད་དབྱེ་འབྱེད་ཀྱི་ཚིག་ཟུར་ཙམ་མེད་པ་མ་ཟད། ཐ་ན་ཧྥ་རན་སིའི་བསྒྲགས་གཏམ་ནང་བཞིན་བཙན་དབང་གི་རྣམ་པ་དེ་ཙམ་མེད་པར་“ཆོས་མཐུན་ཞི་བདེར་”གནས་རྒྱུའི་རེ་སྨོན་མངོན་གསལ་ཡིན་ཁར། རྒྱ་མི་ཡིན་ཚད་དགྲ་ཕྱོགས་ལ་མ་བཅད་པར་“བར་ལམ་ཟི་ཁྲོན་དང། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ས་ཟ་སེམས་ཀྱིས་”ཞེས་བཀོད་པ་སོགས་དགྲ་གྲོགས་དགར་སྟངས་ཀྱང་གུ་ཡངས་ལ། བཤད་སྟངས་དེ་ཨ་རིའི་བསྒྲགས་གཏམ་ནང་“ང་ཚོར་འཐབ་ཡར་ལངས་ན་དགྲ་ཡིན་ལ། མཐུན་ལམ་འཛུགས་ན་གྲོགས་ཡིན་”ཞེས་པ་དང་མཚུངས།
མཚམས་འདིར་འུ་ཚང་གི་བསྒྲགས་གཏམ་དང་འབྲེལ་ནས་བརྟགས་པ་མཐའ་བཟུང་གི་ཚིག་འགའ་བཤད་ན། རྒྱལ་དབང་མཆོག་གིས་དབང་ཆ་རང་ལག་ཏུ་ཡོད་ཐོག རྒྱལ་དབང་བཅུ་བཞི་བ་ནང་བཞིན་“དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་ནས་”ཆབ་སྲིད་ཐད་བགྲེས་ཡོལ་གནང་ཡོད་རྒྱུ་ན། དེ་རིང་ང་ཚོའི་གནས་ཚུལ་ག་འདྲ་ཞིག་ཆགས་ཡོད་ན། ཡང་ཉི་ཧོང་གི་གནམ་སྐོས་གོང་མ་Hirohito ཡིས་༡༩༤༦ ལོར་“ང་ནི་ཆབ་འབངས་དཀྱུས་མ་ནང་བཞིན་གྱི་མི་རང་ཡིན་པ་ལས། ང་ལྷ་མིན་”ཞེས་<<མི་ཡུལ་གྱི་གཏམ་>>སྤེལ་བ་བཞིན། རྒྱལ་དབང་མཆོག་གིས་ཀྱང་སྐབས་དེར་ང་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་མིན། ཡུལ་མི་དཀྱུས་མ་ཞིག་ཡིན་གསུངས་ནས་ལྷ་མི་ཟུང་འབྲེལ་གྱི་སྡེ་བ་གཞུང་དེ་སྡེ་སྲིད་མགོ་ལེབ་འགའི་ལག་པར་རྩིས་སྤྲོད་གནང་ཡོད་ཚེ། ད་ཆ་ང་ཚོ་ཚད་ག་འདྲ་ཞིག་ལ་སླེབས་ཡོད་ན།
དེ་ལྟར་བསྡུར་ན་ཞན་ཆ་ཡོད་ངེས་ཀྱང་། གང་ལྟར་རྒྱལ་དབང་མཆོག་གིས་ཨེ་རན་གྱི་ཆོས་དཔོན་Ayatollah Khomeini ཡིས་༡༩༦༤ ལོར་ཨེ་རན་གྱི་རྩ་ཁྲིམས་བཟོས་པ་ནང་བཞིན་གྱི་བསྒྲགས་གཏམ་ཞིག་མ་སྤེལ་བ་ནི་སྟབས་ཡག་པ་རེད། གང་ཡིན་ཟེར་ན། ཆོས་ཁྲིམས་གཞི་རྩར་བཞག་པའི་རྩ་ཁྲིམས་དེས་དེང་སྐབས་ཨེ་རན་གཞུང་ལྷ་ཆོས་འོག་ནས་ཐར་མ་བཅུག་པ་དང། ཕོ་མཆོག་མོ་དམན་གྱི་ལྟ་བས་བུད་མེད་ལས་ཞུགས་མ་ཆོག་པ་སོགས་དཀའ་ངལ་སྣ་ཚོགས་བཟོས་ཡོད། རིམ་པ་འདི་ནས་བལྟས་ན་འུ་ཚང་གི་རང་བཙན་བསྒྲགས་གཏམ་དེ་ཆབ་སྲིད་ཙམ་མ་ཡིན་པར། ཤེས་རིག་གི་ཆ་ནས་ཀྱང་ངོ་གནོང་མི་དགོས་པ་ཞིག་བྱུང་མི་འདུག་གམ།
ལྔ་བ། རང་ས་ངོ་མ་ཤེས་ན་རང་བཙན་ཅི་ལྟར་རྩོད།
ངས་ཆེད་རྩོམ་འདི་དང་འབྲེལ་ནས་གསལ་བཤད་དགོས་པ་ནི། བོད་རང་བཙན་བསྒྲགས་གཏམ་འདིའི་ནང་ངོས་འཛིན་བྱས་པའི་བོད་ཡུལ་གསལ་ཁ་མི་འདུག་ཟེར་མཁན་དང་། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་རང་བཙན་ནི་འབྲི་ཆུའི་ཕར་རྒྱབ་ཚུར་རྒྱབ་ཀྱི་སྐད་ཆ་དེར། རང་བཙན་བརྩད་ན་དེ་མ་གཏོགས་རག་གི་མ་རེད། དེ་ལས་ཆོལ་ཁ་གསུམ་མཉམ་འབྲེལ་གྱི་དགོངས་གཞི་(ལམ་དབུ་མ) ཡག་ཤོས་རེད་ཟེར་བ། ཡང་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་འདུ་ཤེས་འདི་སྐྱེ་བོ་ག་གེ་མོ་ཞིག་གི་བཀའ་དྲིན་ལས་གསར་དུ་བྱུང་བ་མ་གཏོགས། སྔོན་ཆད་ཡོད་པ་མ་རེད་ཟེར་བའི་ཁྲམ་བཤད། ད་དུང་རྒྱལ་དབང་བཅུ་གསུམ་པའི་བོད་རང་བཙན་གསལ་བསྒྲགས་བྱས་པ་དང། བོད་སོག་ཆིངས་ཡིག་ནང་བོད་དང་སོག་པོ་གཉིས་མན་ཇུའི་འོག་ནས་ཐོན་པ་ཡིན་འཁོད་པའི་ཡིག་ཆ་ཁག་གིས་བདེན་དཔང་ཐུབ་པ་ནི། དེ་སྔོན་བོད་རང་བཙན་མིན་པ་གསལ་བཤད་བྱས་ཡོད་སྟབས། ཡིག་ཆ་དེ་དག་སྦས་ན་མ་གཏོགས་གནོད་སྐྱེལ་ས་རེད་མདོག་མདོག འདི་ལྟར་རང་མི་འདྲེ་ལ་བརྫུས་ནས་ཧམ་བཤད་དང་ཧོམ་བཤད་ལ་ཚད་མེད་སྟབས། ཡིན་ལུགས་ཚུལ་མཐུན་གྱི་སྒོ་ནས་དེ་ཚོར་སྐབས་བསྟུན་སུན་འབྱིན་དགོས་པ་ནི་རྒྱལ་དབང་བཅུ་གསུམ་པ་རྗེས་སུ་དྲན་པའི་དགོངས་རྒྱན་གྱི་ཆ་ཤས་ཤིག་ཡིན།
བོད་རང་གི་ས་ཁོངས་ཀྱི་འདུ་ཤེས་ཐད་ནས་བཤད་ན། སྲིད་པ་ཆུ་ཡི་བསྐལ་པ་བྲི་བའི་རྗེས་སུ། རིམ་པས་སྟོད་མངའ་རིས་སྐོར་གསུམ་གཡའ་རི་དང་གངས་རི། བར་དབུས་གཙང་རུ་བཞི་བྲག་རི་དང་སྤང་ལྗོངས། སྨད་མདོ་ཁམས་སྒང་དྲུག་རྩི་ཤིང་དང་ནགས་ཚལ་གྱིས་ཁེངས་པའི་སྐམ་སའི་ཡུལ་གྲུ་ཆགས་པར་བཤད་ལ། གངས་རི་ར་བས་བསྐོར་བའི་མཐོ་སྒང་འདིར་བསིལ་ལྡན་ས་ལའི་སྨན་ལྗོངས་སམ་རི་མཐོ་ས་གཙང་བོད་ཀྱི་ཡུལ་ཞེས་བརྗོད། དབྱིབས་འབུར་གཟུགས་སུ་མངོན་པའི་ཡུལ་གྲུ་འདིའི་ནུབ་ངོས་ཕོ་མེས་ཨར་མཐོ་སྒང་ནས་ཤར་མཐའ་ཆིན་ལེན་རི་རྒྱུད་བར་འཕྲེད་ཐིག་ཏུའུ་༣༡ ཡིན་པ་དང་། རིང་ཚད་ལ་ལེ་བར་༢༧༠༠ ཡོད། ལྷོ་ངོས་ཧི་མ་ལ་ཡའི་རི་རྒྱུད་ནས་བྱང་རྒྱབ་མདོ་ལ་རིང་མོའི་རི་ལག་བར་གཞུང་ཐིག་ཏུའུ་༡༣ ཡིན་པ་དང་། རིང་ཚད་ལ་ལེ་བར་༡༤༠༠ ཡོད། ས་ཁྱོན་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༢༧༠ ཙམ་ཡོད་པ་དང། ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྨྲི་ཌི་༤༠༠༠ ཡས་མས་ཡིན། ཡང་མི་རིགས་རང་གི་ལྷ་སྒྲུང་ལྟར་ན་རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། སྲིད་པ་ཆགས་པའི་ལྷ་དགུ་སོགས་ཡུལ་ལྷ་གཞི་བདག་རྣམས་གནས་འཆའ་སའི་གངས་ཀྱི་རི་བོ་དག་གིས་བོད་ཁམས་ཡོངས་སུ་བསྐོར་ཡོད།
ཐག་རིང་ས་ནས་བཤད་མ་དགོས་པར། ༡༦༤༢ ལོར་དགའ་ལྡན་ཕོ་བྲང་བཙུགས་པ་ནས་དེ་རིང་གི་བར་སྡེ་པ་གཞུང་གི་ས་ཁོངས་བརྐྱངས་སྐུམ་སྣ་ཚོགས་བྱུང་ཞིང་། རྒྱལ་དབང་ལྔ་པ་དང་གུ་ཤྲི་ཧན་མཉམ་བསྡེབས་ཀྱིས་བོད་ལ་མཛད་པ་ནས། ༡༧༥༡ ལོར་རྒྱལ་དབང་བདུན་པའི་སྲིད་དབང་བཞེས་པའི་བར་ལོ་ངོ་༡༠༩ ཕྱིན་ཡོད་ལ། འདི་ནི་དུམ་ཚན་གཅིག་ལ་དབྱེ་དགོས་ཤིང་། སྐབས་དེར་བོད་ཆོལ་ཁ་གསུམ་པོ་དགའ་ལྡན་ཕོ་བྲང་གི་ལག་པར་ཡོད་པ་བསྙོན་མེད་ཡིན། དེ་ནས་ ༡༩༢༣ ལོར་མཚོ་སྔོན་དུས་ལོག་གམ(ཆུ་ཡས་དུས་འཁྲུགས) བྱུང་བ་ནས་བཟུང་། མདོ་ཁམས་ཕྱོགས་ལ་མན་ཇུས་བཙན་འཛུལ་རིམ་པར་སླེབས་པ་དང། ༡༧༥༡ ལོར་མཚོ་སྔོན་དང། ལྷ་སར་སྔ་རྗེས་བྱས་ནས་ཨམ་བན་བཙུགས་པ་མ་ཟད། ལྷ་སར་བཀའ་ཤག་ལས་ཁུངས་བཙུགས་པ་སོགས་དབང་ཤུགས་གང་ཙམ་སླེབས་པ་མངོན་གསལ་ཡིན། (ཨམ་བན་ནི་མངའ་སྡེ་བློན་ཆེན་ཙོང་ཏུའུ་གོ་གནས་མ་ཡིན་པར། ཕྱི་རྒྱལ་དོན་གཅོད་ཀྱི་རྣམ་པའི་དཔོན་ཐོབ་ཅིག་ཡིན་སྐོར་དཔྱད་པར་མཚལ་)དུས་སྐབས་དེ་ནི་སྡེ་པ་གཞུང་མར་འགྲིབ་པ་དང་མན་ཆིན་གྱི་སྟོགས་ཤུགས་ཡང་རྩེར་སོན་པའི་སྐབས་རེད།
དེ་རྗེས་༡༩༡༣ ལོར་རྒྱལ་དབང་བཅུ་གསུམ་པས་བོད་རང་བཙན་བསྒྲགས་གཏམ་སྤེལ་བ་དང་འབྲེལ། དབུས་གཙང་ཁུལ་གྱི་རྒྱ་དང་རྒྱ་དམག་ཚང་མ་མཐར་སྐྲོད་བཏང་ཞིང། དེ་ནས་༡༩༥༡ ལོར་བོད་དམག་ཕམ་ནས་(མདོ་སྤྱི་ང་ཕོད་པ་བཙན་ཁྲིད་ཐོག) གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་བར་ལོ་ངོ་སུམ་ཅུ་ལྷག་ཕྱིན་ཡོད་ལ། དུས་སྐབས་དེའི་རིང་ལ་དགའ་ལྡན་ཕོ་བྲང་བ་ཚང་གི་ཆབ་སྲིད་བཀའ་ལུང་བོད་ཆོལ་ཁ་གསུམ་ལ་སླེབས་ཡོད་མེད་གང་ལྟར། དབུས་གཙང་ཁུལ་དུ་གཞན་གྱི་ཐེ་བྱུས་མེད་པའི་བོད་གཞུང་ཁམས་གཙང་ཞིག་ཡོད་ལ། ཕྱིས་སུ་༡༩༥༡ ལོར་རྒྱ་བོད་གཉིས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་(བཙན་དབང་འོག) བཞག་པ་ནས། བོད་རྒྱ་མཉམ་འདུས་ཀྱི་(བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་)ལོ་བརྒྱད་ཀྱི་རྗེས་ནས་རྩ་འཐོར་དུ་ཕྱིན་ཏེ། ༡༩༥༩ ལོར་བོད་གཞུང་བཙན་བྱོལ་དུ་གྱར་བ་སོགས་དུམ་ཚན་གཅིག་རེད།
མཚན་ཉིད་པ་ཆེན་མོ་Jeal Jacques Rousseau ལགས་ཀྱིས་“ ཐེངས་འདིའི་ཞིབ་འཇུག་བརྒྱུད། ངས་གཅིག་བྱས་ན་གང་ཞིག་རུང་བས་དབང་ཚད་དང་གང་ལ་རེ་བའི་ཁེ་བཟང་གཉིས་སྙོམ་སྒྲིག་བྱ་རྒྱུའི་མཚོན། དེ་བས་ཀྱང་བཟང་སྤྱོད་དང་ཕན་ནུས་བར་ལ་གཅིག་མཐུན་གྱི་གཞི་རྟེན་ཞིག་སྐྲུན་ཐུབ་ངེས་རེད་”ཅེས་གསུང་བ་བཞིན། བདག་དབང་དང་ས་ཁོངས་ཀྱི་སྐད་ཆ་བཤད་སྐབས་གང་ཞིག་ཐོབ་པར་འོས་པའི་དབང་ཚད་དང་བཀའ་ལུང་གང་ལ་བསྒྱུར་རྒྱུའི་སྙོབས་ཚད་བར་གཞི་མཐུན་ཞིག་བཙལ་དགོས་ལ། ང་ཚོའི་ཐོབ་ཐང་དང་དབང་ཚད་བཤད་ན་བོད་ཡུལ་བོད་ལ་བདག་མིན་དང་། བདག་རྒྱུའི་རེ་འདུན་ཡོད་མེད་ཐད་དོགས་གཞི་མེད་མོད། སྐབས་སོ་སོའི་མངའ་མཛད་པ་དག་གི་བཀའ་ལུང་གང་ནས་གང་བར་དུ་ཁྱབ་ཐུབ་མིན་ནི་སྟོབས་ཤུགས་ཀྱི་གནད་དོན་ཞིག་ལས་ཐོབ་ཐང་གི་སྐད་ཆ་མིན།
གོང་གསལ་དགའ་ལྡན་ཕོ་བྲང་གི་དུས་སྐབས་སོ་སོའི་དབང་ཤུགས་སྙོབས་ཚད་ལས་ཀྱང་གནས་ལུགས་དེ་གསལ་པོོ་མཐོང་ཐུབ། འདིར་ཐོབ་ཐང་དང་རེ་འདུན་གཞིར་བཞག་ནས་བཤད་ན། རྒྱལ་དབང་མཆོག་གིས་རང་བཙན་བསྒྲགས་གཏམ་ནང་“བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བཞིན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ནས་བཟུང་ད་ལྟའི་བར་ཟམ་མ་ཆད་པར་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་གིར་བཞེས་ཏེ་འགྲོ་རྣམས་གང་ལ་གང་འདུལ་གྱི་ཐབས་དང་། ཐུགས་རྗེ་ཆེན་པོས་རྟག་ཏུ་སྐྱོང་ཞིང་”ཞེས་པ་འདིར་གཟིགས་དང་། བོད་སྐད་ལ་འགྲོས་ཅུང་ཟད་ཡོད་མཁན་ཞིག་གིས་བསྒྲགས་གཏམ་འདིའི་ནང་བོད་ཀྱི་ས་ཁོངས་ཚུད་ཡོད་མེད་ཐད་གླེང་གཞི་ཡོང་སྟངས་མེད་ལ། གོང་གི་སྐད་ཆ་དུམ་ཚན་དེ་ད་ལྟའི་བཤད་སྟངས་བྱས་ན། རྒྱལ་དབང་བཅུ་གསུམ་པས། ང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་སྒྱུ་འཕྲུལ་ཟམ་མ་ཆད་པར་བྱུང་བའི་སྐྱེས་པའི་སྐུ་ཕྲེང་ཡིན་པ་དང། ང་ཚོར་བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བདག་སྐྱོང་གནང་རྒྱུར་འཕགས་པའི་ལུང་གིས་ཟིན་ཡོད་ཅེས་ཁ་སང་འདུག ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྒྱུ་འཕྲུལ་ཟེར་བ་ལྷ་སྒྲུང་ཡིན་དུ་ཆུགས་ཀྱང་། ཆོས་རྒྱལ་སྐབས་དབང་ལུང་ཁྱབ་བསྒྱུར་བྱས་པའི་བོད་ཀྱི་ས་ཁོངས་གང་ནས་གང་བར་ཡིན་པ་འགྲེལ་བཤད་རྒྱག་དགོས་མེད་ལ། དེ་དངོས་ཡོད་གནས་སྟངས་རང་ཡིན། ད་དུང་བོད་ཀྱི་ས་ཁོངས་ཁ་གསལ་མི་འདུག་ཟེར་ན་གོ་བ་མེད་པའི་གླང་རྒན་ལ་རྒྱལ་བོའི་བཀའ་ལས་དབྱུག་པ་བཙན་ཞེས་པ་ལས་མེད། ཡང་བོད་སིལ་བུའི་རྗེས་ཀྱི་ས་ཕག་རིན་གཙང་དང་། ཁྱད་པར་དུ་རྒྱལ་དབང་ལྔ་བར་མཚོན་ན། རང་ཉིད་བོད་ཀྱི་མངའ་བདག་རང་ཉིད་ཡིན་པ་སྒྲུབ་ཐབས་སུ་ཁོང་ཆོས་རྒྱལ་གོང་མ་ཚོའི་སྒྱུ་འཕྲུལ་ལ་སྦྱར་གང་ཐུབ་བྱེད་པ་ཡིག་ཆ་ཁག་ན་གསལ་ཞིང། དཔེར་ན། རྒྱལ་རྒྱུད་ཁྲིམས་མཐུན་གྱི་དབང་ཚད་གདུང་རྒྱུད་ཡིན་པ་ལྟར། སྲིད་དགེ་སློང་གིས་བཟུང་ན་གདོང་སྲས་ལ་རྩིས་འབུལ་བྱེད་ས་མེད་སྟབས། ཤུལ་འཛིན་གྱི་ཁྲིམས་མཐུན་རང་བཞིན་དེ་སྐུ་ཐོག་གོང་མས་སྒྱུ་འཕྲུལ་ལམ་ཡང་སྲིད་ཡིན་དགོས་ན། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་ཡིན་པ་དང་། ཁོང་ཚོ་ཆོས་རྒྱལ་རྣམ་པའི་སྒྱུ་འཕྲུལ་ལ་ཡར་སྦྱར་ཐུབ་སོང་ན། ད་གཟོད་བསིལ་ལྡན་ཁ་བས་ལྗོངས་ཀྱི་སྣོད་བཅུད་གཉིས་ཀ་སོ་སོར་བདག་མིན་ལ་ལུང་རིག་གི་དགག་བྱ་ཡོང་དོགས་མེད་ལ། དེ་ནི་སྤྲུལ་སྐུའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཞིག་ཀྱང་རེད།
གཉིས་པ། ས་རྩོད་ཀྱི་གོ་རིམ་ནས་བཤད་ན། རྒྱལ་དབང་མཆོག་གིས་རང་བཙན་བསྒྲགས་གཏམ་སྤེལ་སྐབས་“དབུས་གཙང་ཁུལ་ནས་རྒྱ་དམག་མཐར་སྐྲོད་བཏང་ཟིན་པ་དང་། ཁམས་ཕྱོགས་ན་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་”ཞེས་གསལ་བ་འདིས་ཀྱང་གོ་བ་ཅན་ལ་ཚིག་གཅིག་ཡིན་མོད། ད་དུང་ངོ་མི་འཕྲོད་ན་རྒྱལ་དབང་མཆོག་གི་རང་བཙན་བསྒྲགས་གཏམ་སྤེལ་རྗེས་ཀྱི་ཟླ་བ་དྲུག་གི་རྗེས་ནས། བཤད་སྒྲ་དབང་ཕྱུག་རྡོ་རྗེ་སིམ་ལའི་ལྷན་ཚོགས་ཐོག་བཀའ་མངགས་བྱས་པ་ལྟར། ཁོང་གི་འོས་འགན་སྟེ། དང་པོ་རང་བཙན་བསྒྲགས་གཏམ་ཀྱི་དགོངས་དོན་ལྟར་བོད་རང་བཙན་དག་འབུད་དགོས་པ་དང་། དེ་ནས་རྒྱ་ལག་ནས་ཚུར་ལེན་དགོས་པའི་བོད་ཀྱི་ས་ཁོངས་ནི། ཨ་ཆེན་གངས་རིའི་ལྷོ་རྒྱུད་ཀྱིས་བཅད་ནས། མཚོ་སྔོན་ཧྲིལ་བོ་དང་། ཀན་སུའུ་ནུབ་རྒྱུད། ཁམས་དར་རྩེ་མདོ་ནས་ཚུར་བཅད་དེ། འབའ་ལི་རྒྱལ་གསུམ་བཅས་ས་ཁྲར་བྲིས་པ་ཙམ་མ་ཡིན་པར། ས་མིང་ཆུ་མིང་གསལ་པོ་བྲིས་ནས་དབྱིན་རྒྱ་གཉིས་ཀྱི་སྐུ་ཚབ་གསོལ་ཅོག་ཐོག་བཞག་པའི་ཡིག་རིགས་སྣ་ཚོགས་ཀྱི་ངོ་བཤུས་ད་ལྟ་ཁྲ་ལམ་མེར་ཡོད་ན། སྐབས་དེར་རྒྱལ་དབང་མཆོག་གིས་གཙོས་བོད་སྡེ་པ་གཞུང་གི་འགོ་ཁྲིད་ཚོར་རང་ས་རང་ཡུལ་ངོས་མི་ཟིན་པའི་ཚད་མིན་པ་གསལ་པོ་རེད།
རྩོད་ལེན་དེ་ལྟར་བྱས་ཀྱང་ནུས་ཤུགས་ཀྱིས་སྙོབས་མིན་གནས་ཚུལ་གཞན་རེད་ལ། ནུས་པ་མེད་ན་དེང་སྐབས་ཆ་ཚང་ཤོར་ཚར་བ་ནང་བཞིན་རེད། ཕྱིས་སུ་མདོ་ཁམས་ཕྱོགས་སུ་དམག་དྲངས་ནས་རང་ས་ཚུར་ལེན་ཐབས་ཀྱི་དམག་འཐབ་ག་ཚོད་བརྒྱབ་འདུག་པ་གོ་ཡོད་ཚོད་ཡིན། དེ་རིང་གི་ཧོན་ལོག་ཚོས་བཤད་སྟངས་བྱས་ན། སྐབས་དེར་བོད་གཞུང་གིས་ཆོལ་ཁ་གསུམ་པོ་མཉམ་པོར་ལེན་མ་ཐུབ་ན། དབུས་གཙང་ཁུལ་གཙོ་བོར་གྱུར་པའི་ས་ཁུལ་གང་ཙམ་ཞིག་ལེན་ཐུབ་ཀྱང་མི་དགོས་ཟེར་དགོས་པ་འདྲ་བོ་འདུག་ལ། རྩོད་ལེན་གྱི་གོ་རིམ་ཁྲོད་ན་དེ་ལྟ་བུའི་གླེན་བཤད་ནི་ཡོད་མི་སྲིད། དཔེར་ན། ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སྐབས་མངའ་སྡེ་བཅུ་གསུམ་གྱིས་མ་གཏོགས་མོས་མཐུན་མཚན་རྟགས་བཀོད་ཐུབ་མེད་ཁར། སྐབས་དེར་ཨ་རིའི་ས་ཐོག་ནས་དབྱིན་དམག་ཆ་ཚང་མཐར་སྐྲོད་གཏོང་ཐུབ་མེད་ཁར། ཨ་རིའི་མངའ་སྡེ་ཆ་ཚང་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་དེ་ནི་རང་བཙན་བསྒྲགས་གཏམ་སྤེལ་བའི་རྗེས་ལོ་དུ་མའི་གཞུག་གི་སྐད་ཆ་རེད།
གཞན་དེང་སྐབས་བོད་རང་བཙན་རྩོད་མཁན་ཚོས་དགའ་ལྡན་ཕོ་བྲང་གི་གནས་བབ་གཞིར་བཟུང་ནས་རྩོད་དགོས་པའི་དབང་དུ་བཏང་ན། ང་ཚོས་གོང་ནས་འཁོད་པ་ལྟར་རྒྱལ་དབང་ལྔ་བ་ནས་བདུན་པའི་བར་གྱི་གནས་སྟངས་ནས་ཁ་མཆུ་བཙུགས་ཆོག་ལ། ཡིན་གཅིག་མིན་གཅིག་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱི་སྡེ་པ་གཞུང་གི་ཁྱབ་ཁོངས་(དོན་ཚན་བཅུ་བདུན་ནང་དུའང་ས་མཚམས་ཆུ་མཚམས་མེད་)ལས་བརྒལ་མི་ཆོག་པའི་རྒྱུ་མཚན་ཁྲིམས་སྒྲིག་གང་ན་གསལ་འདུག དེར་བླུན་པོ་ལུག་གིས་ཀྱང་གོ་ཐུབ་པའི་འགྲེལ་བརྗོད་ཅིག་བྱས་ན། ཇག་པ་ཞིག་གིས་ཁྱེད་ཀྱི་ལག་ནས་ཐོག་མར་སྒོར་མོ་བརྒྱ་འཕྲོག་པ་དང་། ལོ་ཤས་རྗེས་ནས་ལྔ་བཅུ་འཕྲོག མཐའ་མར་བཅུ་འཕྲོག་པ་ཡིན་ན། ཕྱིར་ལེན་རྒྱུའི་གོ་སྐབས་བྱུང་ཉིན་གང་འཕྲོག་པ་ཚང་མ་ཚུར་ལེན་རྒྱུ་ལས། ཐེངས་རྗེས་མར་འཕྲོག་པའི་སྒོར་རྡོག་བཅུ་བོ་ཚུར་ལེན་ཆོག་པ་ལས། དེ་སྔོན་འཕྲོག་ཐེངས་གཉིས་བྱས་པ་ཚང་མ་ཇག་པར་བདག་འགྲོ་བའི་གནས་ལུགས་ཤིག་འཇིག་རྟེན་འདིར་ཡོད་ཚོད་མེད་ལ། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་རང་བཙན་ནི་འབྲི་ཆུའི་ཕར་རྒྱབ་ཚུར་རྒྱབ་ཡིན་པར་ཆ་ཞོག ང་ཚོར་རང་བཙན་ཚུར་ལེན་སྐབས་དེ་ལས་གཞན་བཤད་མི་ཆོག་པའི་བཅད་མཚམས་འདི་སུས་བཟོས་འདུག
ད་དུང་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་སྐད་ཆ་འདི་ཡིན་ན། བུ་ཕྲུག་གི་ཕ་མས་ངོ་ཟློག་མ་ཐུབ་པར་སོ་སོར་འདོད་པ་མེད་པའི་བཟའ་ཟླ་ཞིག་ལ་གཉེན་སྒྲིག་བྱས་པ་འདྲ་ཞིག་མ་ཡིན་པར། བོད་པ་ཚོ་དེ་རིང་ས་སྒང་འདིའི་ཐོག་ནས་འཚོ་དགོས་ཕྱིན། ཆབ་དཔལ་རིག་གསུམ་གང་ཐད་ནས་ཆོལ་ཁ་གསུམ་པོ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་དགོས་པ་ལས་འགྲོ་ས་གཞན་མེད་པ་ཕྱི་རྐྱེན་གྱིས་ཐག་བཅད་པ་ཞིག་ལས། དེ་ཡང་ཅིག་གི་ཁ་ངོ་ལྡོག་མ་ཐུབ་པར་གཅིག་སྒྲིལ་ཡིན་ལབ་པ་རེད་དམ། ཆོལ་གསུམ་གཅིག་སྒྲིལ་ལ་རྒྱུ་མཚན་དེ་ཙམ་ལས་གཞན་མེད་ཚེ། གཅིག་སྒྲིལ་ཞིག་ཡོང་ལུགས་ཡོང་སྟངས་མེད་པ་གསལ་པོ་རེད། སྐད་ཆ་དེ་ཡིན་ན་རྒྱ་ནག་གིས་བཤད་པའི་“ཏཱ་ལའི་བླ་མས་བོད་ཆེན་པོ་”རང་རེད་ལ། ཏཱ་ལའི་མེད་ན་བོད་ཆེན་པོའང་མེད་འགྲོ་བ་ཆོས་ཉིད་རེད། དེ་བས་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་གལ་ཆེན་རང་བཞིན་མཐོ་རྒྱལ་པོ་ནས་དམན་སྤྲང་པོ་ཡན་ཆོད་ཀྱིས་ཤེས་ཡོད་ལ། རང་བཙན་རྩོད་མཁན་ཚོའང་ལྐུགས་པ་མིན་སྟབས། ང་ཚོས་གནས་ལུགས་འདི་ཤེས་པ་ཙམ་མ་ཟད། བོད་ཆོལ་ཁ་གསུམ་པོ་རྡོག་རྩ་ཆིག་སྒྲིལ་དགོས་པ་དེ་སུ་ཞིག་གི་ཁ་ངོ་འཛིན་ཆེད་མ་ཡིན་པར། རང་དོན་རང་གཅེས་ཡིན་པ་དངོས་ར་འཕྲོད་ཡོད།
༡༩༥༡ ལོའི་ཟླ་༥ པེ་ཅིན་ནས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་མ་ཐག “ང་ཕོད་ཀྱིས་ཀྲུའུ་ཨིན་ལའེ་ལ་བོད་རིགས་ཡོད་དོ་ཅོག་ས་གནས་གཞུང་གི་ཁོངས་སུ་ཟླ་བསྒྲིལ་ཡོང་ཐབས་ཀྱི་ཚིག་ཐོ་ཕུལ་བར། ཀྲུའུ་ནས་ད་ལྟའི་སྐབས་སུ་བོད་ལྗོངས་བཅིངས་གྲོལ་གཏོང་རྒྱུ་དང་། ས་ཁུལ་གཞན་རྣམས་བཅིངས་འགྲོལ་སྔོན་ནས་བཏང་ཟིན་པར་བརྟེན་གསར་བརྗེའི་གོ་རྟོགས་ཡར་ཐོན་ཆེ་བ་ཡོད་པ་མ་ཟད། དེ་སྔོན་བོད་རིགས་ས་ཁུལ་ཕན་ཚུན་མ་མཐུན་པའི་རྩོད་འཕྲོ་ལུས་ཡོད་སྟབས། ལམ་སང་ས་ཁུལ་གཅིག་འོག་ལ་ཟླ་བསྒྲིལ་བྱ་རྒྱུའི་དུས་སུ་སླེབས་མེད། ལོ་ཤས་སོང་རྗེས་བོད་རིགས་ས་ཁུལ་རྣམས་ཕན་ཚུལ་གྲོས་མོལ་ཐོག་ནས་གཅིག་གྱུར་བྱ་རྒྱུ་ལག་ལེན་བསྟར་ཆོག་གི་རེད་ཅེས་ངག་ལན་སྤྲད་པ”དང་(8)དཔེ་མཚོན་འདིའི་གྲས་ཤིན་ཏུ་མང་ལ། མང་ཚོགས་རང་བཞིན་གྱི་བོད་གཅིག་གྱུར་དགོས་པའི་རེ་འདུན་རྒྱ་ནག་གཞུང་ལ་བཏོན་པའང་སྣ་ཚོགས་ཡོད། ད་དུང་མདོ་ཁམས་ཕྱོགས་ནས་དགྲ་རྒོལ་རང་སྲུང་གི་དམག་འཐབ་ག་ཚོད་ཅིག་བརྒྱབ་པའི་གྲངས་ཀ་འདི་ནས་དྲངས་ཚོད་མེད་ལ། དབུས་ཀྱི་དགོན་སྡེ་ཁག་གི་གསེར་ཏོག་དང་རྒྱ་ཕིབས་སྣུམ་གྱི་ལེར་ཡོད་པ་དེ་ཚོའི་ནང་དུ་མདོ་ཁམས་མི་མང་གི་དངུལ་ཆུས་བསགས་པའི་དད་རྟེན་ག་ཚོད་ཡོད་ན། ད་དུང་རྗེ་བློ་བཟང་གྲགས་པ་དང། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་མདོ་ཁམས་སྨད་ནས་སྐྱེས་ཤིང་། སྙན་པ་དབུས་ནས་རྒྱས་པའི་མི་སྣ་ག་ཚོད་བྱུང་འདུག འདི་ལྟར་བལྟས་ན་ཆོལ་ཁ་གསུམ་པོའི་ཁ་ཐག་རིང་རྒྱུ་མེད་ལ་སེམས་ཐག་དེ་བས་ཉེ། གནས་སྟངས་དེའི་དབང་གིས། ༡༩༥༦ལོའི་ ཟླ་༤ ནང་བོད་རང་སྐྱོང་བཙུགས་པའི་ཐོག་རྒྱ་ནག་གཞུང་གི་སྐུ་ཚབ་དམག་དཔོན་ཁྲིན་ཡི་ནས་བྱེད་སྒོ་གཙོ་སྐྱོང་བྱས་ཤིང་། ཁོས་སྐབས་དེར་ཏང་ནང་གི་ལས་བྱེད་པའི་བཞུགས་མོལ་འཚོགས་འདུའི་ཐོག “ང་ཚོས་ཀྲུང་དབྱང་ལ། ལྷ་ས་དེ་རྒྱལ་ས་དང་། རང་སྐྱོང་ལྗོངས་དེ་གཙོ་བོར་བྱས་ཐོག ཞིང་ཆེན་ཁག་ནང་དུམ་བགོས་བྱས་ཡོད་པའི་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་སྒྲིལ་གྱིས་རང་སྐྱོང་ལྗོངས་ཆེན་པོ་ཞིག་འཛུགས་རྒྱུའི་བསམ་འཆར་འདོན་དགོས་འདུག དེ་ལྟར་བྱས་ན་བོད་མིའི་རྒྱ་ཁྱབ་ཀྱི་རེ་བ་ལ་ལྟ་རྟོག་བྱ་རྒྱུ་དང་། རྒྱ་བོད་བར་གྱི་མཛའ་མཐུན་དམ་ཟབ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་རེད་”ཅེས་(9)བརྗོད་པ་སོགས། ཆོལ་གསུམ་གཅིག་སྒྲིལ་གྱི་དགེ་མཚན་རྒྱ་དཔོན་ཚོས་ཀྱང་ཁས་མ་བླངས་མཐུ་མེད་ཆགས་ཡོད་སྟབས། འདི་ཡང་སུ་ཞིག་གི་ཁ་ངོར་བལྟས་པ་མ་ཡིན་པར། མདོར་ན་དངོས་ཡོད་གནས་སྟངས་ཀྱིས་ཁ་གྲགས་བཅུག་པ་རེད།
ཡང་རང་བཙན་ལེན་སྟངས་ཆ་ནས་བཤད་ན། ངས་ནི་ཆོལ་ཁ་གསུམ་པོ་ཁ་ཚང་དོ་འགྲིག་ལ་རང་བཙན་ཐོབ་ན་ལེན་རྒྱུ་ལས། དེ་མ་བྱུང་ན་མི་དགོས་ལབ་མཁན་གྱི་འཐབ་རྩོད་པ་ཞིག་ཡོད་རྒྱུ་མ་རེད་བསམ་གི རང་ཉིད་ལ་ཆ་བཞག་ན་ས་སྦར་མཐིལ་ཙམ་ཞིག་མེད་པའི་ཁ་ཐུག་འདིར་ཆོལ་ཁ་གསུམ་ལྟ་ཞོག ཐ་ན་ངའི་ཕ་ཡུལ་རྩི་གོར་ཐང་གཅིག་པུ་ལེན་ཐུབ་ནའང་ལེན་རྐྱང་ཡིན་ལ། ཁྱོད་ཚོས་ཤེས་དགོས་པ་ཞིག་ལ་ང་ཚོར་གང་ཞིག་ཐོབ་པ་དེ་ལེན་རྐྱང་ཡིན་མོད། གང་ཞིག་རང་ཉིད་ལ་ཐོབ་འོས་པའི་རེ་བ་དང་རྩོད་ལེན་གཏན་ནས་འདོར་མི་སྲིད། རྒྱལ་དབང་བཅུ་གསུམ་པའི་བོད་རང་བཙན་བླངས་ནས་ཡོང་བའི་གོ་རིམ་འདི་ལྟར་རེད་ལ། ཕར་ཤོར་ནས་འགྲོ་སྟངས་ཀྱང་དེ་ག་རང་རེད།།
སྤྱིར་ན་“བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་པོ་ཞིག་རྩ་བ་ནས་ཡོད་པ་མ་རེད་”ཟེར་མཁན་(ཟམ་གདོང་གཏམ་བཤད། khabdha.orgp=37655)ཚོས། རྒྱལ་དབང་བཅུ་གསུམ་པས་བོད་རང་བཙན་གསལ་བསྒྲགས་བྱས་པ་དང་། ཁྱད་པར་དུ་བོད་སོག་ཆིངས་ཡིག་ནང་བོད་དང་སོག་པོ་གཉིས་མན་ཇུའི་འོག་ནས་ཐོན་པ་ཡིན་ཞེས་འཁོད་པའི་ཡིག་ཆ་དེས་བདེན་དཔང་ཐུབ་པ་ནི། དེ་སྔོན་བོད་རང་བཙན་མིན་པ་གསལ་བཤད་བྱས་ཡོད་སྟབས། ད་ཡིག་ཆ་སྦས་དགོས་པ་རེད་དམ། དེ་འཕྱར་ན་ཉེན་ཁ་རེད་མདོག་མདོག་ཐུགས་ཁྲལ་ཡོད་ཚོད་གོ་ཐོས་བྱུང། འདིའི་ཐད་རྒྱལ་སྤྱིའི་ཁྲིམས་དོན་རིག་པའི་མཁས་དབང་། སྐུ་ཞབས་Michael C.Van ལགས་ཀྱིས། “ལོ་ངོ་གསུམ་ལྷག་རིང་ཟིང་འཁྲུག་བྱུང་བའི་མཇུག་འབྲས་སུ་མན་ཇུ་གོང་མའི་དམག་མི་དང་དཔོན་རིགས་རྣམས་བོད་ནས་མཐར་བསྐྲོད་བཏང་བ་རེད། གནད་དོན་འདིས་གསལ་བཤད་ཐུབ་པ་ནི་བོད་དང་མན་ཇུའི་བར་གྱི་འབྲེལ་ལམ་རྩ་ཆད་དུ་ཕྱིན་པ་དེ་རེད་ལ། མ་ཟད་“བོད་”འཁྱུག་ཙམ་རིང་ཕྱིའི་བཙན་འཛུལ་འོག་ལྷགས་རུང། དེ་ཡིས་བོད་ཀྱི་རྒྱལ་ཁབ་མུ་མཐུད་གནས་རྒྱུར་དགག་སྒྲུབ་མི་ཐུབ་པའི་ཁར། ད་དུང་མན་ཇུ་གོང་མ་དང་ཏཱ་ལའི་བླ་མའི་བར་ན་ངོ་གདོང་ཙམ་གྱིི་འབྲེལ་ལམ་ལྷག་མ་ཞིག་ཡོད་པ་དེའང་རྩ་ཆད་དུ་གྱུར་བ་གསལ་འདོན་བྱས་པ་རེད”ཅེས་(10) གསལ་པ་ལས་ཀྱང་ཐུགས་དོགས་ཅུང་ཞིག་སེལ་རྒྱུར་ཕན་སྲིད།
དྲུག ལོ་བརྒྱའི་དུས་ཆེན་གྱི་གལ་གནད་རང་བཞིན།
ད་ལྟའི་བོད་ཀྱི་གནས་སྟངས་འོག་ནས་བཤད་ནའང་། ཁ་ཉིན་དཔའ་བོ་སྣང་གྲོལ་(11)གྱི་ཞལ་ཆེམས་ནང་“བོད་མི་རིགས་ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག་”ཅེས་བཀོད་ཡོད་ལ། བཙན་རྒོལ་རྒྱལ་སྐྱོབ་ཆེད་ལོ་འདི་དག་ནང་རང་སྲེག་གནང་མཁན་གྱི་དཔའ་བོ་དཔའ་མོའི་ཞལ་གྲངས་བརྒྱའི་ཁ་ཁེངས་འདུག་ན། ད་ནི་རྒྱ་ངན་ཚང་གི་འོག་ནས་ཐར་ཐབས་བྱ་རྒྱུ་ལས་དངོས་གནས་ལམ་ཁ་གཞན་མེད་ཙང། དུས་སྐབས་འདི་འདྲར་རང་བཙན་བསྒྲགས་གཏམ་ལ་དྲན་གསོ་བྱ་རྒྱུ་ནི། འཐབ་རྩོད་ཀྱི་ངོས་ནས་བཤད་ན་བྱས་པ་ཅན་ལ་རྗེས་དྲན་ཙམ་ཞིག་གིས་ག་ལ་ཚད། འོན་ཀྱང་ངས་རང་བཙན་བསྒྲགས་གཏམ་འདི་འཕྱར་ནས་བོད་རང་བཙན་སྒྲུབ་རྒྱུའི་སྐད་ཆ་མིན་ལ། བསྒྲགས་གཏམ་འདིས་བོད་རང་བཙན་ལེན་རྒྱུར་སྐུལ་འདེད་ཐུབ་སོང་ན་རབ་རེད། གཙོ་བོ་བསྒྲགས་གཏམ་འདིའི་རང་སྟེང་གི་ཁྱད་ཆོས་ངོ་སྤྲོད་ཐུབ་ན་བསམ་ནས་གོང་དུ་དཔྱད་བསྡུར་བྱེད་ཁུལ་ཡིན། མ་གཏོགས་ཤེས་རིག་དར་ཁྱབ་ཆེ་བའི་དུས་རབས་འདིར། བོད་དེ་སྔོན་ཆད་རྒྱལ་ཁབ་ཅིག་གི་ངོ་བོར་གནས་མྱོང་བ་གཞན་གྱིས་ཤེས་རྒྱུ་མ་རེད་བསམ་པའི་སེམས་ཁྲལ་ཁོ་བོར་གཏན་ནས་མེད་ལ། ད་དུང་ང་ཚོར་རང་བཙན་མེད་པའི་དཀའ་ངལ་དེ་བདག་གཞན་གཉིས་ཀྱིས་མ་གོ་མ་ཐོས་པ་ག་ལ་ཡིན།
མཚམས་འདིར་ང་ཚོས་རྒྱལ་ཁབ་སླར་གསོ་བྱ་རྒྱའི་ཁ་ཕོ་བསྒྲགས་པ་དང་ཆབས་ཅིག དུས་དྲན་འདི་ངོམས་སྟོན་རང་བཞིན་གྱིས་སྲུང་བརྩི་བྱེད་བཞིན་ཡོད་ལ། དེས་ཕན་མ་ཐོགས་རུང་གནོད་མི་སྐྱེལ་བ་གསལ་པོ་རེད། ཡང་རང་བཙན་པ་ཚོར་རྒྱ་མི་བོད་ནས་ཕུད་རྒྱུའི་གདེང་ཚོད་ཡོད་དམ་ཞེས་ནག་འདེད་བྱེད་མཁན་ཡོང་ཆོག་མོད། ང་ཚོས་འདི་ལྟར་རྩོད་གཞི་སློང་དོན་ནི་གདེང་ཚོད་གང་ཞིག་གི་བདེན་དཔང་ཆེད་མིན་ལ། མ་མཐར་གཞུང་འབྲེལ་ཐོག་འབངས་མི་སེར་ལ་མགོ་འདོགས་ཀྱི་བཀའ་རྒྱ་གཏོང་མི་རུང་བ་དྲན་གསོ་ཙམ་ཡིན། ཅོལ་ཆུང་ངང་མགོ་འབུལ་དགོས་ཕྱིན་རང་མགོ་གར་ཐོན་ལས། གཞུང་དང་གཞུང་འབྲེལ་གྱི་བཀའ་རྒྱར་སྒུག་དགོས་དོན་མེད་ལ། སྤྱིར་ན་སྲིད་དོན་རིག་པའི་རྣམ་བཤད་ནང་གཞུང་ནི་སྒེར་ཚུགས་ཀྱི་ཆེད་དུ་བཙུགས་པ་ལས། མགོ་འདོགས་ཀྱི་ཆེད་དུ་བཙུགས་པ་ཞིག་མིན་པ་གསལ་བོ་འཁོད་ཡོད།
མཐའ་དོན། བསྒྲགས་གཏམ་འདིའི་ཆབ་སྲིད་ཐད་ཀྱི་རྩ་བའི་རིན་ཐང་ཡང་། སྐབས་དེར་རྒྱལ་དབང་ཚང་གཙོས་མགོ་ནས་འདུག་མཁན་རེ་ཟུང་ཞིག་གིས་སོ་སོའི་འདོད་རྔམ་ཧམ་བཤད་བྱས་པ་ཙམ་མ་ཡིན་པར། དེ་དུས་བོད་གཞུང་རྒྱས་འཛོམས་ཚོགས་འདུ་ཆེན་མོ་ནས་གཏན་འབེབས་ཀྱི་གོ་རིམ་ནང་ཆ་ཤས་བླངས་པ་གཙོས། གཞུང་མང་གཉིས་ཀྱིས་བསྒྲགས་གཏམ་དེར་མོས་མཐུན་གྱི་རྣམ་པ་བསྟན་ཡོད་པ་དང་། གཉིས་ནས་བསྒྲགས་གཏམ་དེས་བོད་ཀྱི་ཉེ་རབས་ལོ་རྒྱུས་དེ་དཀྱོག་མཚམས་གསར་པ་ཞིག་ལ་ཁ་ཕྱོགས་སུ་བཅུག་ཅིང་། དེ་ནས་བཟུང་དབུས་ཤར་ཨེ་ཤ་ཡའི་ཆབ་སྲིད་ཀྱི་གར་སྟེགས་ཐོག་བོད་ཀྱི་གོ་བབ་འབུར་ཐོན་བྱུང་ཞིང་། སྡེ་པ་གཞུང་ལ་ཕྱིའི་ཐེ་ཇུས་མེད་པར་མི་ལོ་བཞི་བཅུ་ལྷག་ལ་སྲིད་དབང་འཛིན་རྒྱུའི་སྐལ་བ་ལྡན་པ་སོགས་ནི། བསྒྲགས་གཏམ་དེའི་ཆབ་སྲིད་ཀྱི་རིན་ཐང་ངོ་མ་དེ་རེད། ཡང་ང་ཚོས་དུས་དྲན་སྲུང་བརྩི་དང་མཉམ་པོར་དྲན་འོས་པ་ནི་དངོས་ཡོད་གནས་སྟངས་འདི་དག་ཡིན་ལ། ལོ་བརྒྱའི་ཡར་སྔོན་གྱི་བསྒྲགས་གཏམ་དེ་རྒྱལ་སྤྱིར་ངོམས་སོ་བྱེད་པ་དང་འབྲེལ། ང་ཚོར་“རྒྱལ་དབང་བཅུ་གསུམ་པ་ཚང་གང་མིན་ཚད་རེད་ཅེས་ཡར་བཀྱགས་ནས། ཞོར་དུ་རྒྱལ་དབང་བཅུ་བཞི་བ་ཚང་གིས་ཀོ་ཐག་གློད་པ་རེད་མདོག་མདོག་གི་རྣམ་འགྱུར་སྟོན་འདུན་ཡོད་མདོག་”སྐོར་(ཟམ་གདོང་གཏམ་བཤད། ཁུངས་.khabdha.orgp=37655)གླེང་ལོག་འདེབས་མཁན་ཡོད་མོད། འོ་ན་འདི་ནས་ཡར་རྩིས་པའི་ལོ་བརྒྱའི་གོང་དུ། རྒྱལ་དབང་བཅུ་གསུམ་པས་བསྒྲགས་གཏམ་སྤེལ་དོན་ནི། མེས་པོ་གོང་མ་ཚོར་ངོ་མཚང་འབྲུ་རྒྱུའི་ཆེད་དུ་རེད་དམ། ངས་བལྟས་ན་དེ་ལྟར་མ་ཡིན་པར། ཁོང་གིས་བོད་རྒྱལ་ཁབ་རང་བཙན་དུ་གནས་རྒྱུའི་ཆོད་སེམས་ཕོ་ཕྱི་རབས་པ་རྣམས་ལ་མར་དྲིལ་བསྒྲགས་པ་ཞིག་ལོས་ཡིན་འདོད།།
ཕྱི་ལུགས་༢༠༡༣ ཟླ་༢ ཚེས༡༢ ཉིན་རྡ་རམ་ས་ལ་ནས་རྫོགས་པར་བྱས། ཕྱི་ལུགས་༢༠༡༥ཟླ་༥་ཚེས་ ༡༠ ལ་བསྐྱར་བཅོས་བྱས།
ཟུར་མཆན། [རྩོམ་འདི་གཏམ་བཤད་ཀྱི་རང་བཞིན་ཅན་ཡིན་པ་ལས་དཔྱད་རྩོམ་གྱི་ཁུངས་སུ་འཇོག་མི་རུང་། ནང་དོན་གནད་བསྡུས་ཤིག་(༢༠༡༣ ༢ ༡༣)ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་“རྒྱལ་དབང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་༡༠༠ འཁོར་བའི་”དཔྱད་གླེང་ཚོགས་ཐོག་ནས་སྒྲོགས་སྦྱང་བྱས་པ་དང། རྩོམ་གྱི་སྤྱི་ཁོག་དུས་བབ་གསར་ཁང་གི་ཡིག་ཐོག་བཅར་འདྲི་བྱས་པའི་རིག་ལམ་ལྟར་ས་བཅད་དབྱེ་ཡོད་ལ། རྩོམ་འདིར་འཁོད་པའི་ཕྱི་ཡིག་བོད་བསྒྱུར་ཁག་རྩོམ་པ་པོས་ཐད་ཀར་ཕབས་བསྒྱུར་བྱས་པར་སོང་མ་ཡིག་དང་བསྡུར་རྒྱུ་གལ། ཤེས་འཇོན་གྱི་དབང་གིས་འཐུས་ཚང་བྱུང་མེད་སྟབས། མུ་མཐུད་ཁ་གསབ་བྱ་རྩིས་ཡོད ]
དཔྱད་གཞིའི་ཡིག་ཆ་ཁག་ཅིག
1 <<རླངས་ཀྱི་པོ་ཏི་བསེ་རུ་>>ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས། ༡༩༨༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P.50 (1)
2 <<ཏཱ་ལའི་བླ་མའི་རྣམ་ཐར>> ཡ་ཧན་ཀྲང། ༡༩༨༦ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། P.567(2) P. 597(3) P.615(5)
3 <<རྒྱ་ནག་མི་སེར་སྲིད་གཞུང་གི་བོད་སྐྱོང་བཀའ་ཡིག>>༡༩༩༩ ཀྲུང་གོའི་བོད་རིག་པའི་བསྡུ་སྒྲིག་བྱས། P.15 (4)
4 <<སེར་མོ་བའི་རྒྱལ་ཁམས་འཇིག་པ་>>གྷོལ་ཌི་སི་ཐེན། ༡༩༩༣ ཀྲུང་གོ་བོད་རིག་པའི་ཞིབ་འཇུག་པར་སྐྲུན་ཁང་། p.12 (6)
5 <<དེབ་ཐེར་ཀུན་གསལ་མེ་ལོང་>> ཕུན་ཚོགས་ཚེ་རིང་། ༡༩༩༢ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P.424_426
6 <<བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས་>>༢༠༠༢ བོད་གཞུང་ཕྱི་དྲིལ་ལས་ཁུངས། P.31 (7)
7 <<བོད་མི་གསར་བརྗེ་བ་ཞིག>>མེལ་ཝིན་སི་གྷོལྜ་སི་ཊཻན་དང་། ༢༠༠༦ བོད་ཀྱི་དུས་བབ་གསར་ཁང་། (བོད་འགྱུར) P.610 (8)
8 <<བོད་ཀྱི་གནས་བབ་>>Michael C.Van ༡༩༨༧ ཐའེ་ཝན་ཧྥ་ཧོ་ཚོང་ལས་ཁང་ནས་པར་སྐྲུན་བྱས། (རྒྱ་འགྱུར་) p. 231(9)
9 2012 ལོའི་ཟླ་12 ཚེས་9 ཉིན་འཛམ་ཐང་ནས་རང་བསྲེགས་གནང་མཁན། རང་ལོ(18) ཞལ་ཆེམས་ཆ་ཚང་གཞན་ནས་གཟིགས་རྒྱུ།
10 ཨ་རིའི་རང་བཙན་བསྒྲགས་གཏམ། (དྲ་ཐོག)
11 ཧཱ་རན་སེའི་ཆབ་འབངས་ཐོབ་ཐང་གི་བསྒྲགས་གཏམ། (དྲ་ཐོག)
12 བོད་རང་བཙན་བསྒྲགས་གཏམ།