ཨ་ཚོགས་ཀྱི་རྩོམ་ཡིག་དང་རྒྱ་ནག་གི་དྲིལ་བསྒྲགས་ལས་འཕྲོས་བཤད།
ཆོས་ཉིད་འོད་ཟེར།
ཉེ་ཆར་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་རིག་པའི་མཁས་དབང་(Elliot Sperling) སྐུ་གྲོངས་པར་མྱ་ངན་རྗེས་དྲན་ཆེད་བྲིས་པའི་རྩོམ་ཡིག་ཅིག་ལས་འཕྲོས་ཏེ། བསམ་ཚུལ་མ་མཐུན་པའི་རྩོད་གླེང་བྱུང་ཡོད་ལ། རྗེས་སུ་ཕྱི་ཟླ་༣ ཚེས་༢༢ ཀྱི་མཚན་མོར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རླངས་འཁོར་ལ་སུ་ཡིན་ཤེས་རྟོགས་མ་ཐུབ་པའི་མི་ཞིག་གིས་རྡོ་གཞུས་པའི་གནས་ཚུལ་བྱུང་བ་རེད། དེ་ལ་བརྟེན་རྒྱ་ནག་གཞུང་གིས་དགའ་ཚོར་ཆེན་པོའི་ཐོག་ནས་ཆབ་སྲིད་ཀྱི་ལམ་ལུགས་གང་དང་ཡང་མ་བསྟུན་པར་གནས་ཚུལ་ལ་དབྱེ་ཞིབ་བྱེད་ཁུལ་གྱིས་ཕྱི་ཟླ་༣ ཚེས་༢༦ ཉིན་བཙན་བྱོལ་བོད་མིར་སྐྱོན་བརྗོད་ཀྱི་གནས་ཚུལ་ཞིག་ཀྲུང་གོའི་བོད་ལྗོངས་ཞེས་པའི་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་དྲ་ཐོག་ཏུ་སྤེལ་རེད། དེར་བོད་མི་རེ་ཟུང་གིས་ཀྱང་དགྲ་བོ་རྒྱ་ནག་གཞུང་ལ་ལག་ཆ་ཞིག་རང་ངོས་ནས་སྤྲད་སོང་ཟེར་ནས་སེམས་འཚབ་བྱེད་མཁན་ཡང་འདུག་མོད། ངས་དེ་ཙམ་ཛ་དྲག་ཅིག་ཏུ་མ་མཐོང་ལ། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མ་མཐུན་པར་རྩོད་གླེང་དང་མཚམས་རེར་སྟབས་མ་ལེགས་པའི་གནས་ཚུལ་བྱུང་བ་ཡང་ཕྱི་གསལ་ནང་གསལ་ཡོད་དགོས་པ་ཞིག་རེད།
དེ་ན་ཐོག་མར་ང་ཚོས་རྒྱ་ནག་གཞུང་གི་གནས་ཚུལ་དེའི་འགོ་བརྗོད་གསེད་བཀྲོལ་བྱས་ན། “ཁ་བྲལ་བ་ཚོ་བསྐྱར་དུ་འཐོར་ཞིག ཏཱ་ལའི་རུ་ཚོགས་ཀྱི་ནང་འཛིང་ཡོངས་གྲགས་ཆགས་པ་”ཞེས་པ་འདི་རེད།
དང་པོ་“ཁ་བྲལ་”སྐོར་ཡིན། ཁ་བྲལ་ནི་སོ་སོར་གྱེས་པའི་དོན་ཡིན་ལ། དེ་ལ་ཁྲིམས་མཐུན་དང་ཁྲིམས་མཐུན་མ་ཡིན་པ། གནས་ལུགས་ཡོད་མེད་གཉིས་ཀའི་ཐོག་ནས་ཁ་བྲལ་བྱེད་མཁན་ཡོད་པ་རེད། དེས་ན་ད་ལྟ་བོད་དེ་རྒྱ་ནག་དམར་ཤོག་གཞུང་གི་བཙན་འཛུལ་འོག་ཡོད་ལ། དེ་ལས་ཁ་བྲལ་བྱེད་པ་ལོ་རྒྱུས་ཀྱི་བདག་དབང་དང་། སོ་སོའི་འདོད་མོས། བཙན་འཛུལ་འོག་གི་དཀའ་སྡུག་མ་བཟོད་ནས་རྒྱ་ནག་གཞུང་དང་ཁ་བྲལ་བྱེད་འདོད་པ་རེད། མཉམ་གནས་བྱེད་པ་ནི་གཉིས་ཀས་མོས་མཐུན་བྱེད་དགོས་ལ། དེའི་རྗེས་ཕྱོགས་གཅིག་གིས་ཁ་བྲལ་རྩོད་མི་ཆོག་པ་ཞིག་མ་རེད། དེ་བས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ལས་རྒྱལ་ཁབ་གཉིས་མཉམ་གནས་བྱེད་རྒྱུར་མོས་མཐུན་བྱུང་མེད་པ་མ་ཟད། ད་ལྟའི་བཙན་གནོན་དང་དབྱེ་འབྱེད་འོག་ནས་སྡོད་ཐབས་མེད་པ་དེ་ཡིན་པས། བོད་ཀྱིས་ཁ་བྲལ་རྩོད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། སོ་སོའི་ཁེ་དབང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གང་དང་ཡང་འགལ་མེད་པས། བོད་མི་ཚོར་ཁ་བྲལ་བ་རེད་ཅེས་བརྗོད་པ་ནི་བཟོད་སྒོམ་མ་ཐུབ་པ་ཞིག་མིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཀྱི་འོག་ཏུ་ཡང་ཁ་བྲལ་བྱེད་མིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད། འཛམ་གླིང་ནང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རག་ཚར་མཁན་མང་པོ་ཡོད་ལ། བོད་མི་རིགས་ལ་ཡང་དེའི་ཆ་རྐྱེན་ཚང་མ་ཚང་ཡོད། ཉེ་བའི་ལོ་འགའི་ནང་བྱུང་བ་དཔེ་མཚོན་བྱས་ན། ༢༠༠༨ ལོར་ཀོ་སོ་ཝོ་(Kosovo) རྒྱལ་ཁབ་སེར་སྦེ་ཡའི་(Serbia) འོག་ནས་རང་ཐག་རང་གཅོད་ཀྱིས་རང་བཙན་ཐོབ་ཡོད་ལ། ༢༠༡༤ ལོར་དབྱིན་ཇིའི་འོག་ནས་སི་ཁོ་ལེན་ཌི་(Scotland) ལ་རང་ཐག་གཅོད་ཀྱིས་ཐོབ་ཐང་རག་སྟེ། དབྱིན་ཡུལ་མཉམ་དུ་སྡོད་རྒྱུ་མང་མོས་བྱུང་ནའང་། ད་དུང་བསྐྱར་དུ་འདེམས་ཀའི་ཐོབ་ཐང་ཞིག་ཀྱང་སྤྲོད་འཆར་འདུག
༡༩༥༩ ལོར་རྒྱ་ནག་གིས་བོད་ཆ་ཚང་ལ་བཙན་འཛུལ་དབང་བསྒྱུར་ཚར་རྗེས། བཙན་བྱོལ་བོད་གཞུང་རྒྱ་གར་དུ་ཡོང་བ་དང་། རིམ་པས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་ཐེངས་མང་བྱས་མཐར། བར་ལམ་ནས་༧གོང་ས་མཆོག་གིས་དཀྱེལ་ཡངས་ཀྱི་དགོངས་པ་བཞེས་ཏེ། རྒྱ་ནག་གི་རྩ་ཁྲིམས་འོག་ས་གནས་མི་རིགས་རང་སྐྱོང་མིང་དོན་མཚུངས་པ་ཞིག་སྤྲད་ན་རྒྱ་ནག་དང་མཉམ་གནས་གནང་འདོད་ཡོད་ཅེས་ཁ་གསལ་གོ་བདེའི་ལམ་ནས་ཡིག་ཆ་ཡང་༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་ཟིན་ཡོད་ཀྱང་། དེ་ལ་ངོས་ལེན་མ་བྱས་པ་མ་ཟད། ད་དུང་༧གོང་ས་མཆོག་ཁ་བྲལ་བ་རེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱས་ཏེ་ཁ་རྡུང་ངན་སྨོད་ཁོ་ན་བྱེད་བཞིན་པ་རེད། ༧གོང་ས་མཆོག་གི་དགོངས་གཞི་རྒྱ་ནག་གིས་མ་ཤེས་པ་མིན་པར་བོད་མི་རིགས་མུ་མཐུད་གཉའ་གནོན་འོག་ནས་ནུས་མེད་བཟོ་འདོད་དང་༧གོང་ས་མཆོག་ཟུར་ཕུད་བྱེད་དགོས་དོན་ནི། ཁྲིམས་མཐུན་ཐོག་རྒྱ་བོད་མཉམ་གནས་བྱེད་རྒྱུར་མོས་མཐུན་མེད་པ་རྒྱ་ནག་གིས་གསལ་སྟོན་བྱས་པ་རེད། མ་ཟད་བཙན་བྱོལ་ནང་རྩོད་གླེང་ཙམ་བྱུང་བས་རྒྱ་ནག་གི་འདོད་དོན་མི་འགྲུབ་པར་བོད་རྒྱ་གཉིས་ཁ་བྲལ་འགྲོ་བའི་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་རང་ངོས་ནས་བོད་རང་བཙན་འཐབ་རྩོད་ལ་མཐུན་རྐྱེན་སྦྱར་བ་ཞིག་ཏུའང་འགྱུར་མི་སྲིད་པ་མ་རེད། དེ་ནི་རྒྱ་བོད་བར་གྱི་འཐབ་རྩོད་དེ་ཅི་ཡིན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་མ་ཟད། རྒྱ་ནག་མང་གཙོ་དོན་གཉེར་བ་དང་། སྒོས་སུ་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་མཁྱེན་ངེས་རེད།
གཉིས་པ་“འཐོར་ཞིག་”སྐོར་ཡིན། འཐོར་ཞིག་ཅེས་པ་ནི་མཉམ་གནས་ཁ་འཐོར་བ་དང་ནུས་མེད་ཆགས་པའི་དོན་ཡིན་ལ། བོད་པའི་སྤྱི་ཚོགས་འཐོར་ཞིག་འགྲོ་རྒྱུ་ནི་རྒྱ་ནག་གི་རེ་སྨོན་ཆེ་ཤོས་དེ་ཡིན་ནའང་། རང་བཞིན་ལྷན་སྐྱེས་ཀྱི་མཉམ་གནས་ཡོད་པ་ཞིག་འཐོར་ཞིག་ཏུ་འགྲོ་རྒྱུ་དེ་འདྲ་ལས་སླ་མོ་ཞིག་མ་རེད། མང་གཙོའི་སྤྱི་ཚོགས་ནང་དུ་ལྟ་གྲུབ་དང་། ལྟ་ཚུལ། རེ་སྨོན་དང་དམིགས་མདུན་སོགས་མ་མཐུན་པ་ཡོད་པ་ཕྱི་གསལ་ནང་གསལ་གྱིས་བཤད་ཆོག་པ་མ་ཟད། དེའི་ཐོག་རྩོད་གླེང་ཡང་ཤུགས་ཆེན་ཡོང་གི་ཡོད་པ་རེད། དེ་བཞིན་ཁྲོམ་ལ་ཐོན་ནས་ངོ་རྒོལ་བྱེད་པ་དང་། མཚམས་རེར་མི་མང་ལ་ཚོར་ཤུགས་སླེབས་ཏེ། ཅ་དངོས་གཏོར་བཅོམ་བཏང་བ་ཡང་ཡོང་གི་ཡོད་རེད། བཙན་བྱོལ་སྤྱི་ཚོགས་ནང་དེ་འདྲ་ཙག་ཙིག་ཅིག་བྱུང་བར་རྒྱ་ནག་ཧང་སང་དགོས་དོན་མེད་ལ། དགའ་དགོས་པའི་གནས་ཚུལ་ཞིག་ཀྱང་ཆགས་མེད། རྒྱ་ནག་ནི་དེའི་རིགས་ལ་གོམས་འདྲིས་མེད་ལ། བསམ་ཚུལ་མ་མཐུན་པ་ཞིག་བྱུང་ན། འཐོར་ཞིག་གི་ཉེན་ཁ་མཐོང་བ་ཡིན་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་དབང་ཆ་ཤོར་བར་ཞེད་སྣང་སྐྱེས་པ་ཡིན་གང་ལྟར་ལམ་སང་དྲག་གནོན་དང་བཙོན་འཇུག་བྱེད་རྐྱང་བྱེད་བཞིན་པ་རེད།
རྒྱ་ནག་གཞུང་གིས་བོད་མི་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་བ་དང་། དེ་བཞིན་ཡུ་གུར་མི་རིགས་སོགས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་མཁན་ཚོར་དྲག་གནོན་བྱེད་པ་མ་ཟད། རྒྱ་མི་རིགས་རང་གི་ནང་དུ་ཡང་བསམ་ཚུལ་མ་མཐུན་པ་བྱུང་ན། བཀག་ཉར་དང་། བཙོན་འཇུག་ཁྲིམས་ཐག་གཅོད་རྐྱང་རེད། དཔེར་ན་ཞི་བདེའི་གཟེངས་རྟགས་ཐོབ་སའི་མང་གཙོ་དོན་གཉེར་བ་ལིའུ་ཞའོ་པའོ་ད་ལྟའང་བཙོན་ཁང་དུ་བཅུག་ཡོད་པ་མ་ཟད། རྒྱ་ནག་དང་ལྟ་བ་མི་མཐུན་མཁན་ཚོའི་ཁྲིམས་རྩོད་པ་ཚོ་ཡང་བཀག་ཉར་བཙོན་འཇུག་བྱས་རེད། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་མོས་མཐུན་ཡོད་པའི་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་ཐོག་ལ་ལྷན་ཚོགས་ཞིག་ཆེད་འཛུགས་བྱས་ཡོད་པ་དེས། ༢༠༡༦ ལོའི་ཕྱི་ཟླ་༡༠ པའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་ལོ་འཁོར་སྙན་ཐོ་ཐེངས་༡༥པ་དེ་བཏོན་ཡོད་པའི་ནང་ལོ་སྔོན་མར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་ཁྲིམས་རྩོད་པ་བཅུ་ཆ་གཅིག་བསད་ཡོད་སྐོར་འཁོད་ཡོད་པ་རེད།
བསམ་ཚུལ་མ་མཐུན་པ་དང་ལྟ་གྲུབ་མ་མཐུན་པའི་བར་རྩོད་གླེང་དང་། ཁ་འཁྲུག་གླེང་བ་ཙམ་གྱིས་བོད་མི་རིགས་འཐོར་ཞིག་ཏུ་འགྲོ་མི་སྲིད་ལ། ལོ་ངོ་སྟོང་ཕྲག་མང་པོའི་རིང་བོད་མི་རིགས་མཉམ་གནས་བྱས་ཡོད། དེ་ཡང་བསམ་ཚུལ་ཆ་ཚང་གཅིག་མཐུན་ཡིན་པའི་ཐོག་ནས་གནས་མེད་པ་མ་ཟད། སྲིད་གཞུང་མགོ་རྟིང་ཡང་ཐེངས་མང་སློག་མྱོང་མོད། བོད་མི་རིགས་ཁ་འཐོར་དུ་སོང་བ་ཞིག་མེད། དེ་ནི་དེའི་སྐབས་ཀྱི་རྒྱལ་ཁབ་མང་པོ་དེ་འདྲ་གནས་ཡོད་ལ། བོད་མི་རིགས་ག་དུས་ཡིན་ཡང་སྐད་དང་ཡི་གེ་གཅིག་པ། ཡུལ་སྲོལ་གོམས་གཤིས་གཅིག་པ། མི་རིགས་གཅིག་གི་འདུ་ཤེས་གཅིག་པའི་འོག་མཉམ་གནས་བྱེད་པ་ལས། བསམ་ཚུལ་མ་མཐུན་ན་ཁ་འཐོར་དུ་འགྲོ་བ་དང་། ཡང་ན་བཙན་དབང་གིས་མཉམ་གནས་ཡོང་ཐབས་བྱེད་དགོས་པ་ཞིག་མིན། དེ་བཞིན་བོད་མི་རིགས་ལ་བཙན་པོའི་སྐབས་ཀྱི་སྙིང་སྟོབས་ད་དུང་ཉམས་མེད་ལ། དེ་ལ་སྤོབས་པ་ཆེན་པོ་བྱེད་བཞིན་ཡོད་པས་དེ་ནམ་ཡང་ཁ་འཐོར་དུ་འགྲོ་མི་སྲིད། རྒྱ་ནག་ལ་ངོ་རྒོལ་ཡང་རྒྱུན་ཆད་མི་སྲིད།
སེམས་ཅན་གང་ཞིག་ཡིན་ཡང་སོ་སོའི་རིགས་དང་མཉམ་གནས་བྱེད་པ་ནི་འཇིག་རྟེན་ཆོས་ཉིད་ཀྱང་ཡིན། རྒྱ་ནག་གི་བོད་ལ་བཙན་འཛུལ་རྗེས་བཙན་བྱོལ་བོད་མི་འཛམ་གླིང་རྒྱལ་ཁབ་གང་སར་གནས་སྡོད་བྱེད་དགོས་བྱུང་ཡོད་ཀྱང་། རྒྱ་ནག་གིས་བཙན་འཛུལ་བྱས་པར་ལྟ་སྟངས་གཅིག་པ་དང་། མི་རིགས་གཅིག་པ་དང་རྒྱལ་ཁབ་གཅིག་པའི་མི་ཡིན་པའི་འདུ་ཤེས་འོག་མཉམ་གནས་མཉམ་ལས་བྱེད་བཞིན་ཡོད་པ་ལས། རིགས་མཐུན་དང་ཁ་བྲལ་ཏེ། ར་ལུག་ཁྱི་སྤྱང་མཉམ་དུ་སོང་བ་ཞིག་མེད།
གསུམ་པ་“ཏཱ་ལའི་རུ་ཚོགས་ཀྱི་ནང་འཛིང་ཡོངས་གྲགས་ཆགས་པ་” དེ་ནི་ནང་ཁུལ་མ་མཐུན་པ་ཚང་མས་ཤེས་རྟོགས་བྱུང་བའི་དོན་ཡིན་ན། ༧གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གནས་ནས་ལོ་༥༨ འདས་ཟིན་པ་རེད་ལ། དེའི་རིང་བསམ་ཚུལ་མ་མཐུན་གཅིག་ཀྱང་མེད་པར་མི་གཅིག་གི་བསམ་བློ་ནང་བཞིན་གྱི་འཆམ་མཐུན་ངང་བསྡད་པ་མ་རེད་ལ། དམག་གི་མེ་མདའི་འོག་ནས། ཡང་ན་འཇིགས་སྐུལ་ཁོ་ནའི་འོག་ནས་རྩོད་གླེང་གཅིག་ཀྱང་ཡོང་ས་མེད་པ་བཟོས་མེད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཆུང་རུང་བསམ་ཚུལ་དང་ལྟ་གྲུབ་སྣ་ཚོགས་ཡོད་པའི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱས་པ་རེད། བསམ་ཚུལ་མ་མཐུན་པ་སྔོན་ནས་ཡོད་ལ། ད་ལྟའང་ཡོད་པ་གསང་བ་བྱས་པ་ཞིག་མ་ཡིན་པར། དཔེ་མཚོན་ཆེ་ས་ནས་བཤད་ན། བོད་རང་བཙན་འཐབ་རྩོད་དགོས་པའི་བསམ་ཚུལ་དང་། དབུ་མའི་ལམ་གྱི་བསམ་ཚུལ་འདོན་མཁན་ཡོད་པ་མ་ཟད། གཞུང་དང་གཞུང་འབྲེལ་མིན་པའི་གོ་སྒྲིག་འོག མཉམ་དུ་ཚོགས་འདུ་ཐེངས་མང་འཚོགས་པ་ཕྱི་གསལ་ནང་གསལ་རེད། དེང་སྐབས་བརྡ་འཕྲིན་བརྒྱུད་ལམ་ཡར་རྒྱས་སོང་བ་དང་མཉམ་དུ་ཡོངས་ཁྱབ་ཆེ་རུ་སོང་བ་འཇིག་རྟེན་ཆོས་ཉིད་ཡིན་པས། རྒྱ་ནག་ནང་དུ་རང་དབང་གི་བརྒྱུད་ལམ་བཀག་འགོག་ཆེ་དྲགས་ནས། ད་ལྟ་ལས་མ་མཐོང་བ་ཨེ་ཡིན།
སྤྱི་ཚོགས་ནང་འགོ་ཁྲིད་དང་མཁས་པ། རྩོམ་པ་པོ། སྒྱུ་རྩལ་བ་སོགས་ལྟ་གྲུབ་མ་མཐུན་པར་རྩོད་གླེང་བྱས་པ་དང་། མི་མང་ཡང་དེའི་ཐོག་མཉམ་ཞུགས་བགྲོ་གླེང་དང་རྩོད་གླེང་བྱས་པ་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་མ་རྩ་ཡིན་པ་ལས། འཐོར་ཞིག་དང་ནང་འཛིང་གི་དཀའ་ངལ་ལ་ངོས་འཛིན་དགོས་དོན་མེད། རྒྱ་ནག་གིས་བྱེད་སྟངས་ལྟར་མེ་མདའི་སོ་ཁ་ནས་བསམ་ཚུལ་གསང་བ་དགོས་པའི་འཇིགས་སྐུལ་བྱེད་མི་དགོས་ལ། བོད་རྒྱ་ཁོངས་སུ་སྡོད་ཐབས་སུ་ཉིན་ལྟར་དྲག་གནོན་དང་གནད་ཡོད་མི་སྣ་འཇུ་བཟུང་བྱེད་དགོས་པ་ལྟ་བུ་མ་ཡིན་པར། བོད་མི་རིགས་རང་བཞིན་ལྷན་སྐྱེས་ཀྱིས་མཉམ་གནས་བྱེད་ཐུབ་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་བཙན་འཛུལ་འོག་ནས་ཀྱང་ཐར་ཐབས་སུ་མཉམ་ལས་བྱས་དང་བྱེད་མུས་རེད།། ༢༠༡༧།༣།༣༠